བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རྒྱུས་ལོན་བྱེད་པ།

འགོ་ཁྲིད་ཀྱི་ནུས་པ་ཡོད་པ། ཉམས་མྱོང་ཕུན་སུམ་ཚོགས་པ། ཡིད་ཆེས་འཕེར་བ། ང་ཚོའི་འཕོ་འགྱུར་གྱི་འགོ་ཁྲིད་ཐུབ་མཁན།

གཞན་གྱིས་འབྲོང་ཆུང་དངོས་གྲུབ་སྐོར་ཅི་བཤད་ཀློག

མི་ལོ་བཅུ་ཕྲག་མང་པོའི་རིང་གི་གཟེངས་སུ་ཐོན་པའི་ཞུབས་ཞུ་དང་། མཛད་རྗེས།

༄༅།། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཕྱི་ལོ་ ༡༩༧༧ ལོར་མཐོ་སློབ་ཐོན་འཕྲལ། བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁུངས་འཛུལ་ཞུགས་གནང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་ཞུ་དང་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱ་རྒྱུའི་ལས་དོན་འགན་ཁུར་རྐང་ལེན་ཞུ་མཁན་བདེ་སྲུང་ལས་ཁུངས་ནང་། མི་ལོ་བཞི་བཅུའི་རིང་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་གཟེངས་སུ་ཐོན་པའི་ཞབས་ཞུ་བསྒྲུབས་ཡོད། ལྷག་དོན་ཕྱི་ལོ་ ༡༩༨༣ ལོར་ཉེན་ཁར་མ་འཛེམས་པར་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་གསང་བའི་སྒོ་ནས་ཕེབས་པ་དང་། གཞིས་བཞུགས་བོད་མིའི་མཉམ་གལ་གནད་ཆེ་བའི་འབྲེལ་ལམ་མང་པོ་འཛུགས་ཐུབ་པ་བྱུང་ཡོད།

དེ་ཡང་ཁོང་གིས་ཕྱི་ལོ་ ༡༩༩༡ ནས་ ༢༠༠༧ བར་ལོ་ ༡༦ རིང་བདེ་སྲུང་དྲུང་ཆེའི་ཐུགས་འགན་དང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར་ལོ་ ༩ རིང་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད་སྟབས། བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་གཉིས་ཀའི་བཀའ་ཤག་ནང་ཞབས་ཕྱི་ཞུ་མྱོང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༥ ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་ལས་འགན་ཞུ་མུས་རེད།

དེ་ལྟར་འདས་པའི་མི་ལོ་བཞི་བཅུའི་རིང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བདེ་སྲུང་ལས་ཁུངས་ནང་ཕྱག་ལས་གནང་སྐབས། ལས་བྱེད་མཐོ་དམན་ཀུན་ལ་སྤྱི་སྙོམས་དྲང་བདེན་ཐོག་ནས་གཟིགས་སྐྱོང་གནང་བ་དང་། ཆེ་འདོད་དང་རྫིག་ཉམས་མེད་པར་ལས་ཁུངས་ལ་བཅར་མཁན་ཀུན་དང་རྒྱ་ཆེའི་མང་ཚོགས་མཉམ་འབྲེལ་འདྲིས་མཁས་པ། ཕྱར་གྲུ་མཉམ་འདེགས་ཀྱི་དཔེ་ལྟར་ཚང་མ་མཉམ་འཁྲིད་ཐུབ་པའི་ནུས་པ་མངའ་བ་བཅས། འགོ་ཁྲིད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་རྣམས་གསལ་སྟོན་བྱུང་ཡོད། ཛ་དྲག་སྐབས་ཐག་གཅོད་ཇི་དགོས་དུས་འགྱངས་མེད་པར་གནང་ཐུབ་མཁན་དང་། ལས་དོན་ཐོག་ཞིབ་ཆ་ཆེ་ལ་དགོངས་རྒྱ་ཡངས་པ་མ་ཟད། ལག་བསྟར་ཐབས་བྱུས་ལའང་མཁས་པ་བཅས་ཡོད། དེ་བཞིན་ཁོང་ནི་བོད་མིའི་སྤྱི་ཚོགས་སྤྱི་དང་། ཁྱད་པར་བོད་ནང་གི་གནས་སྟངས་སྐོར་ཐུགས་རྒྱུས་དང་ཉམས་མྱོང་ཟབ་པོ་ཡོད་མཁན་ཞིག་ཡིན་ཞིང་། ༧རྒྱལ་བའི་་བཀའ་དགོངས་བསྒྲུབ་རྒྱུ་དང་། གཞུང་གི་རྩ་བའི་སྲིད་བྱུས་ལངས་ཕྱོགས་སྲུང་སྐྱོབ་གནང་རྒྱུར་ལྷག་བསམ་དང་ཆོད་སེམས་ནམ་ཡང་འགྱུར་བ་མེད་པའི་སྒོ་ནས་ཕྱག་ལས་གནང་མཁན་ཞིག་ཡིན།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་གཞུང་དྲང་བའི་ཐུགས་གཤིས་དང་། ཡ་རབས་བཟང་སྤྱོད། ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་ནུས་པ་བཅས་ལ་བརྟེན་ནས། ཁོང་ལ་དགའ་མོས་གུས་བཀུར་ཞུ་མཁན་ལས་རོགས་དང་། གྲོགས་ཉེ། བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཙམ་དུ་མ་ཟད། ཁོང་དང་མཉམ་དུ་ཕྱག་ལས་གནང་མྱོང་མཁན་རྒྱ་གར་གཞུང་གི་མི་སྣ་དང་། དེ་མིན་གྱི་ཚོགས་སྡེ་མང་པོས་ཀྱང་དགའ་མོས་ཡིད་ཆེས་ཆེན་པོ་ཞུ་བཞིན་ཡོད། མི་ལོ་བཅུ་ཕྲག་བཞིའི་རིང་ཁོང་གི་གཟེངས་སུ་ཐོན་པའི་ཞབས་ཞུ་དང་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུ་ཆེད། ཁོང་ལ་ཕྱི་ལོ་ ༢༠༡༧ ལོར་སུད་སིར་གནས་བཞུགས་བོད་མིས་རྒྱལ་གཅེས་དཔའ་བོའི་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་དང་། ཕྱི་ལོ་ ༢༠༡༩ ལོར་སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་བཅས་ཀྱང་འབུལ་གནང་མཛད་ཡོད།

ཤེས་ཡོན།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། ཕྱི་ལོ་ ༡༩༥༦ ལོར་བོད་ལ་སྟོད་ཟུར་མཚོའི་འབྲོང་ཆུང་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་ལ་ཕེབས་རྗེས་ཌལ་ཧོར་གཏན་སློབ་ནས་གཞི་རིམ་སློབ་ཐོན་བྱུང་བ་དང་། ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སྲིད་དོན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཡོད།
དེང་སྐབས་ཁོང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་མུས་ཡིན་པ་བཅས།

ཕྱི་ལོ་ ༡༩༦༠ ནང་།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། བལ་བོད་ཀྱི་ས་མཚམས་དང་ཐག་ཉེ་ལ་སྟོད་ཟུར་མཚོར་འཁྲུངས་ཤིང་། བྱིས་པའི་གནས་སྐབས་ཀྱི་འཚོ་བ་ས་མ་འབྲོག་གི་ཁྱིམ་ཚང་ནང་འཚར་ལོངས་བྱུང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་བོད་མི་ཁྲི་ཚོ་མང་པོ་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་དང་འདྲ་བར་ཁོང་ཡང་ནང་མི་དང་ལྷན་བལ་ཡུལ་ཤར་ཁུམ་བུར་འབྱོར། ཤར་ཁུམ་བུ་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མའི་གྲས་ཤིག་ཡིན་པ་མ་ཟད། ཤར་ཁུམ་བུའི་ནང་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་དང་བལ་གཞུང་གཉིས་ནས་བོད་མི་བཙན་བྱོལ་བ་ཚོར་སྣེ་ལེན་དང་འཚོ་གོས་སོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད་སྟབས། གནས་སྐབས་རིང་ངལ་གསོའི་དབུགས་དབྱུང་ཐོབ་སའི་ཡུལ་ཞིག་ཏུ་ཡང་གྱུར་ཡོད།

ཕྱི་ལོ་ ༡༩༦༣ ལོར་རང་ལོ་ ༩ ལ་སོན་སྐབས་ཁོང་ཡང་སློབ་སྦྱོང་གི་ཆེད་ཕ་མ་དང་ཁ་བྲལ་ནས་གཅེན་གཅུང་ཚོའི་མཉམ་བལ་ཡུལ་ནས་རྒྱ་གར་ལ་ཐོན་ཏེ་ཌལ་ཧའོ་སི་གཏན་འཇགས་སློབ་གྲྭའི་ནང་འཛུལ་ཞུགས་གནང་། ཕ་མ་གཉིས་ནས་བོད་ལ་ཕྱིར་ལོག་ཕེབས་རྒྱུའི་རེ་བ་དང་བཅས་མུ་མཐུད་ཤར་ཁུམ་བུར་བཞུགས།

 

ཕྱི་ལོ་ ༡༩༧༠ ནང་།

ཌལ་ཧའོ་སི་གཏན་འཇགས་སློབ་གྲྭའི་ནང་ལོ་ ༡༠ ཙམ་སློབ་གཉེར་གནང་རྗེས་ལོ་རབས་ ༧༠ པའི་འགོ་སྟོད་དུ་གཞི་རིམ་སློབ་གྲྭ་མཐར་ཕྱིན། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་མི་རབས་དང་པོ་མང་ཆེ་བའི་གནས་སྟངས་དང་འདྲ་བར་ཁོང་ཡང་ཁྱིམ་ཚང་ནང་མཐོ་སློབ་འགྲེམས་རྒྱུའི་གོ་སྐབས་ཐོབ་མཁན་དང་པོའི་གྲས་ཡིན་པས། སློབ་ཐོན་སློབ་མ་གཞན་དང་མཉམ་ཧི་མ་ལ་ཡའི་བྱང་རྒྱུད་ཌལ་ཧའོ་སི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མཐོ་སློབ་ལ་བསྐྱོད་པ་དང་། ལོ་གསུམ་རིང་ལྡི་ལི་གཙུག་ལག་སློབ་ཆེན་གྱི་རཱམ་ཇ་སེ་མཐོ་སློབ་ནས་ཆབ་སྲིད་རིག་པའི་ཐོག་སློབ་མཐར་སོན་པ་རེད།

ཕྱི་ལོ་ ༡༩༧༧ ལོར་ཁོང་མཐོ་སློབ་ཐོན་སྐབས་རང་ལོ་ ༢༠ རྩ་གྲངས་ལས་སོན་མེད་ནའང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་རྒྱུའི་དམ་བཅའ་བཟུང་ཞིང་། ཧི་མ་ཅལ་མངའ་སྡེའི་ནང་དུ་རྟེན་གཞི་བྱེད་པའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་འགྲོ་རྒྱུ་ཐག་བཅད་པ་ལྟར། ཕྱི་ལོ་ ༡༩༧༧ ཟླ་ ༦ ཚེས་ ༡༥ ཉིན་བདེ་སྲུང་ལས་ཁུངས་ཀྱི་རྒན་དྲུང་དུ་ལས་འགན་བཀོད་སྒྲིག་གནང་བ་ནས་བཟུང་སྲི་ཞུའི་ལས་དོན་སྒྲུབ་འགོ་བཙུགས་ཡོད།

 

ཕྱི་ལོ་ ༡༩༨༠ ནང་།

རིག་གནས་གསར་བརྗེ་ཟེར་བ་མཇུག་སྒྲིལ་ནས་ལོ་ཤས་སོང་རྗེས་ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་གཞུང་གིས་རིམ་པས་གུ་ཡངས་ཕྲན་བུ་གཏོང་འགོ་བཙུགས་པའི་སྐབས་དང་བསྟུན། ཕྱི་ལོ་ ༡༩༨༣ ལོར་ཁོང་གིས་སྐབས་དེའི་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་བྱམས་པ་སྐལ་ལྡན་ལགས་ཀྱི་བཀོད་མངགས་ལྟར། ཉེན་ཁར་མ་འཛེམས་པར་གསང་བའི་ལས་དོན་བསྒྲུབ་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་པ་དང་། མངོན་གསལ་མེད་པའི་སྒོ་ནས་བོད་ནང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྒྱ་གཞུང་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་མཁན་མང་པོ་དང་ཐུག་འཕྲད་གནང་སྟེ། གསང་བའི་གནས་ཚུལ་བསྡུ་རུབ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་གནང་ཐུབ་པ་བྱུང་ཡོད། བོད་ཕྱི་ནང་གཉིས་ཀྱི་དབར་ཕན་ཚུན་གནས་ཚུལ་གྱི་གོ་ཐོས་དཀའ་བའི་སྐབས་དེར་ཁོང་གིས་བཙན་བྱོལ་བོད་གཞུང་དང་གཞིས་བཞུགས་བོད་མིའི་དབར་སྔར་མེད་པའི་འབྲེལ་ཟམ་གསར་པ་མེད་དུ་མི་རུང་བ་ཞིག་བསྐྲུན་རྒྱུའི་ལས་འགན་བསྒྲུབས་ཡོད་ཅིང་། ཆེད་གཉེར་ལས་དོན་འདི་བརྒྱུད་ཁོང་སྒེར་དང་བདེ་སྲུང་ལས་ཁུངས་གཉིས་ནས་གཞིས་བཞུགས་བོད་མི་མང་པོ་དང་འབྲེལ་ཟམ་བཙུགས་པ་དེས། ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་རིང་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་གསང་བའི་གནས་ཚུལ་མཁོ་འདོན་བྱེད་རྒྱུའི་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པ་བྱུང་ཡོད།

 

ཕྱི་ལོ་ ༡༩༩༡ ནས་ ༢༠༡༦ བར།

ཕྱི་ལོ་ ༡༩༩༡ ནས་ ༢༠༠༧ བར་ཁོང་གིས་བདེ་སྲུང་དྲུང་ཆེའི་ལས་འགན་གཟེངས་སུ་ཐོན་པར་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར་བཀའ་ཤག་སྐབས་གཉིས་རིང་བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས་སྐབས། ཁོང་གིས་བཀོད་བྱུས་དང་སྣེ་འཁྲིད་ལམ་སྟོན་འོག་བསྒྲུབས་པའི་ཡོངས་གྲགས་སུ་མཐོང་ཐོས་ཡོད་པའི་ལས་དོན་འགའ་ཞིག་མཁྱེན་རྟོགས་སླད་ཟུར་འདོན་ཞུས་ན།

 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་ཞུ་བསྒྲུབས་པ་ཁག།

· སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་སྐུ་བཞུགས་གནང་སྐབས་དང་། ལྷག་པར་རྒྱ་གར་ནང་ཁུལ་གྱི་ཆིབས་བསྒྱུར་སྐབས་མཚམས་སོ་སོར་སྐུ་ཕྱྭའི་སྲུང་སྐྱོབ་འགན་ཁུར་འཐུས་གཙང་ཞུས་ཐུབ་པ་བྱུང་ཡོད་པ་དང་།

· རྒྱ་གར་གཞུང་གི་འབྲེལ་ཡོད་ཁག་དང་སྔོན་ཚུད་ནས་འབྲེལ་གཏུགས་ཞུ་དགོས་ཞུས་ཏེ་༧སྐུའི་སྲུང་ཆ་དང་ཕེབས་སྒྲིག་སོགས་གོ་སྒྲིག་འཚེམས་ལུས་མེད་པར་ཞུས་པ།

· བདེ་སྲུང་གི་འབྲེལ་ཡོད་ལས་བྱེད་ཚོར་ཁྱད་ལས་ཀྱི་སྦྱོང་བརྡར་གོ་སྒྲིག་གིས་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དུ་བཏང་བ།

· ཆིབས་བསྒྱུར་གནང་ཡུལ་ཁག་ཏུ་དགོས་ངེས་ཀྱི་དོ་དམ་དང་ཞིབ་གཤེར་བྱ་དགོས་རིགས་འཐུས་ཚང་ཞུས་པ།

· ཆིབས་བསྒྱུར་གནང་ཡུལ་ས་ཁག་སོ་སོའི་དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་དང་། དེ་མཚུངས་ལས་དོན་བཀོད་སྒྲིག་ལེགས་པོ་ཡོང་ཆེད་ས་གནས་སོ་སོར་རྒྱུས་ཡོད་རང་རིགས་མི་སྣ་ཁག་གནས་སྐབས་རིང་དང་བླང་སྐུ་སྲུང་བར་བསྐོ་འཛུགས་བྱ་རྒྱུའི་ལས་དོན་སྤེལ་བ།

· བཞུགས་སྒར་ནང་ཉིན་མཚན་དུས་དྲུག་གི་སྐུའི་སྲུང་སྐྱོབ་ཡར་རྒྱས་བཏང་བ།

 

བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད།

· ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་དབུས་སྣེ་ལེན་ཁང་གསར་འཛུགས་ཀྱིས། བལ་ཡུལ་རྒྱལ་ས་ཀ་ཌ་མན་གྲུ་དང་ལྡི་ལི་གཉིས་ལ་སྣེ་ལེན་ལན་ཡག་ལས་ཁུངས་གསར་བཙུགས་ཞུས་པ།

· བོད་ནས་གསར་དུ་ཕེབས་མཁན་ཚོ་རྒྱ་གར་ནང་ཡོང་ཆོག་པ་དང་། རིམ་བཞིན་རྒྱ་གར་ནང་གནས་སྡོད་པའི་སྐྱབས་བཅོལ་ལག་དེབ་ཐོབ་ཆེད་ཕྱི་ལོ་ ༢༠༠༥ ནས་བཟུང་བོད་ནས་ཕེབས་མཁན་ཚོ་རྒྱ་གར་ནང་དམིགས་བསལ་འཛུལ་ཞུགས་ཆོག་པའི་བཀའ་འཁྲོལ་(Special entry permit)ཐོབ་སོན་བྱུང་བ།

· བོད་ནས་ཕེབས་མཁན་ཚོར་ཤེས་ཡོན་གྱི་གོ་སྐབས་གསར་པ་ཐོབ་ཆེད་དགོན་སྡེ་གྲྭ་ཚང་ཁག་དང་ཤེས་ཡོན་གྱི་ལྟེ་གནས་ཁང་ཁག་དང་མཉམ་འབྲེལ་མཐུད་ཀྱི་ལས་དོན་ཡང་དག་པར་བསྒྲུབས་པ།

· སྐྱབས་བཅོལ་བར་གཟིགས་རྟོག་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་(UNHCR)དང་། བལ་ཡུལ་གཞུང་། དེ་བཞིན་རྒྱ་གར་གཞུང་བཅས་ཀྱི་དབར་འབྲེལ་མཐུད་ཀྱི་ལས་འགན་འཐུས་ཚང་ཞུས་པ།

· ལོ་ན་ཅུང་ཟད་རྒན་པ་ཚོར་ཤེས་ཡོན་གྱི་གོ་སྐབས་ཐོབ་ཆེད་ཤེས་རབ་དགའ་ཚལ་སློབ་གླིང་གསར་བཙུགས་བསྐྱངས་པ། ད་ལྟའི་ཆར་ཤེས་རབ་དགའ་སློབ་གླིང་ནི་སློབ་གྲྭ་སྤྱི་མཚུངས་ལྟར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་འོག་ཏུ་ཡོད་པ་བཅས།

 

སྐྱབས་བཅོལ་ལག་དེབ་དང་། དྷ་ས་ཡན་ལག་ལས་ཁུངས།

· སྐྱབས་བཅོལ་ལག་དེབ་ནི་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ཡིན་པས། བོད་མི་རང་ལོ་ ༡༦ སོན་པ་ཡན་ནས་བཟོ་དགོས་ཀྱི་ཡོད།

· སྐྱབས་བཅོལ་ལག་དེབ་གསར་བཟོ་དང་། ཡུན་ཚད་ཕར་འགྱངས་ཞུ་སྐབས་དཀའ་ངལ་སེལ་ཐབས་ཀྱི་ཞབས་ཞུ་བསྒྲུབས་པ།

· དྷ་སའི་ཉེན་རྟོག་ལས་ཁུངས་ཀྱི་ཁྱབ་འོག་ཕྱི་མི་དེབ་སྐྱེལ་ལས་ཁུངས་དང་འབྲེལ་མཐུད་ཀྱིས། བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་ནས་ཕྱིར་འཐོན་པའམ་ཚུར་ལོག་ཆོག་པ་(Exit Permit & Return Visa)བཅས་ཀྱི་བཀའ་འཁྲོལ་ཞུ་རྒྱུར་རམ་འདེགས་ཞུས་པ།

· ཕྱི་རྒྱལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་དྷ་སར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལྷན་མང་མཇལ་གོ་སྒྲིག་ཞུས་པ་བཅས།

 

བདེ་སྲུང་བོད་གནས་ཉན་ཞིབ་ཁང་།

· བོད་གནས་ཉན་་ཞིབ་ཁང་ནི། བདེ་སྲུང་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་བོད་དང་རྒྱ་ནག་གི་གནས་ཚུལ་ཧ་ཅང་དཀོན་པའི་སྐབས་གསར་བཙུགས་གནང་བ་ཞིག་ཡིན་ཞིང་།

· གལ་ཆེའི་ཡིག་ཆ་ཁག་ཕབ་བསྒྱུར་གྱིས་གཞུང་གི་མཛད་གཙོ་རྣམ་པར་མཁོ་སྤྲོད་དང་། རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་དབྱིན་བོད་གཉིས་བརྒྱུད་དཔེ་དེབ་པར་འགྲེམས་ཞུས་པ།

· ཕྱི་ལོ་ ༡༩༨༠ གྱ་གྲངས་སྐབས་ནང་ལས་བྱེད་བཅུ་བཞི་དང་བཅོ་ལྔའི་བར་ལས་མེད་རུང་། བོད་སྐད་དང་རྒྱ་སྐད་ཀྱི་རླུང་འཕྲིན་བརྒྱུད་བོད་དང་རྒྱ་ནག་གི་གནས་ཚུལ་རྒྱང་བསྲིངས་བྱས་པ་རྣམས་སྒྲ་ཕབ་ཞུ་རྒྱུའི་ལས་དོན་སྤེལ་བ།

· ཕྱི་ལོ་ ༢༠༡༡ ལོར་ཉན་ཞིབ་ཁང་གི་མིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བསྒྱུར་ནས། བོད་མིའི་སྒྲིག་འཛུགས་ཀྱི་བསམ་བློའི་བང་མཛོད་ངོ་བོའི་ཐོག་ནས་ཕྱི་མི་ཉམས་ཞིབ་པ་ཚོས་ཀྱང་འབྲེལ་བ་བྱེད་ཆོག་པར་བཟོས་པ་བཅས།

རྒྱུན་ལྡན་འཛིན་སྐྱོང་གི་ལས་འགན་ཙམ་མ་ཟད། བོད་ནང་འབྲེལ་བ་འཛུགས་རྒྱུ་དང་། རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང་འབྲེལ་ལམ་ཉར་རྒྱུ་སོགས་བདེ་སྲུང་ལས་ཁུངས་ཀྱི་གསང་གནས་མཁོ་སྒྲུབ་ཀྱི་ལས་དོན་རྒྱ་བསྐྱེད་གཏོང་རྒྱུར་ཞབས་འདེགས་ཆེན་པོ་ཞུས་ཡོད་པ་བཅས།།