རྩོམ་པ་པོ། སྐལ་བཟང་ཚེ་རིང་།
རྩོམ་གྱི་ཡོངས་ཁུངས། ཁ་བརྡ་དྲྭ་ཚིགས།

ང་ནི་ནམ་རྒྱུན་ཕྱི་ལ་ཐོན་ནས་བཤད་ཐུབ་མཁན་ཞིག་མིན་ལ། ཁ་ཁུ་སིམ་མེར་སོ་སོའི་ལས་འགན་སྒྲུབ་དགོས་མཁན་གྱི་མི་ཞིག་ཡིན། ཡིན་ནའང་བར་ལམ་དྲྭ་ཐོག་བགྲོ་གླེང་ནང་ཆ་ཤས་བླངས་དགོས་བྱུང་བ་མ་ཟད། རྩོམ་ཡིག་ཐུང་ངུ་འདི་འདྲ་ཞིག་ཀྱང་སྤེལ་དགོས་བྱུང་སོང་། གང་ལགས་ཤེ་ན། ད་ལན་ཐེངས་གཅིག་འཕྱུག་སོང་ན་དངོས་གནས་ཕངས་པོ་ཡིན་པ་མ་ཟད། གོ་སྐབས་མང་པོ་ཞིག་ཤོར་ནས་བཅོས་དཀའ་བ་ཞིག་ཡོང་རྒྱུ་ཡིན་པ་སྨོས་མེད་རེད་འདུག དེས་ན་ད་ཆ་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་ཇེ་ཉེར་འགྲོ་སྐབས་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཞིག་ཤུགས་མ་ཐུབ་ཀྱིས་ཡོང་གི་འདུག དེའི་རྒྱུ་མཚན་ནི་བོད་མི་རྣམས་ཀྱིས་སྲིད་སྐྱོང་འོས་ཤོས་དེ་འདེམས་ཐུབ་མིན་དེ་རེད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ན་སྨིན་པ་དང་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེ་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་མང་གཙོ་སྦྱོང་བརྡར་བྱེད་ནས་སྡོད་རྒྱུའི་དུས་ཚོད་ཅིག་ག་ལ་ཡིན། ༧གོང་ས་མཆོག་སྐུ་འཚོ་གཞེས་སྐབས་སུ་བོད་དོན་འགྲིགས་ཆགས་ཤིག་མ་བྱུང་ན་བོད་ཀྱི་གནད་དོན་འཆི་རྒྱུ་ཡིན་པ་རིགས་པ་དང་རྒྱུ་མཚན་གྱིས་བསྒྲུབ་མི་དགོས་པར་དངོས་སུ་མཐོང་ཐུབ་རྒྱུ་ཞིག་རེད།

ད་བར་འདས་པའི་ལོ་བཅུའི་རིང་ང་ཚོས་དུས་ཚོད་མང་པོ་འཕྲོ་བརླག་བཏང་ཟིན་པ་རེད། ཞར་དང་ཞོར་གྱི་གནད་དོན་ཆུང་ཙག་རིགས་ལ་མགོ་བོ་རྨོངས་པའམ་རྨོངས་སུ་འཇུག་སྟེ་དོན་དམ་བོད་ཀྱི་རྩ་དོན་ཐོག་སྣང་མེད་སྐྱུར་འཇོག་གནང་ཡོད། གལ་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་གི་ཡོད་ན་མཐར་བོད་རྒྱ་འབྲེལ་མོལ་ཐོག་མ་བབས་པར་དེ་ལས་གཞན་པའི་ལམ་ཞིག་གང་ན་ཡོད། དེ་ལྟར་ཆེ་ས་ནས་བོད་རྒྱ་འབྲེལ་མོལ་གང་ཡང་གནང་མ་ཐུབ་པ་མ་ཟད། གསང་བ་གསང་བ་ཞེས་པའི་མིང་ཁུར་ཆེན་པོ་ཞིག་གི་འོག་སྦས་ཏེ་ལབ་རྒྱུ་གླེང་རྒྱུ་མེད་པ་བཟོས་ཡོད། དེ་མིན་ཤེས་ཡོན་སྲིད་བྱུས་ལ་མཚོན་ནའང་ད་ལྟ་མིང་སྐམ་པོ་ཞིག་མ་གཏོགས་ནང་དོན་སྙིང་པོ་རྣམས་ལྷག་མེད་ཚོད་འདུག དེ་བཞིན་ཞིབ་འཇུག་ཡག་པོ་གནང་ན་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་ཀྱང་ཡག་པོ་མེད་པ་མ་ཟད། ཕྱི་རྫིག་དང་ནང་སྟོང་གི་ལས་དོན་མང་པོའི་ཐོག་ཆུད་ཟོས་བཏང་ཡོད་ཚུལ་འདུག ལྷག་པར་དུ་དེ་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པ་ནས་བཟུང་གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་དུ་ཤེད་ཀྱིས་བཅུག་པ་དེ་ད་ལྟ་ལྟག་ལོག་བརྒྱབས་ཏེ་ཁྲིམས་ཀྱི་དབང་སྒྱུར་ནས་གང་ཟག་གི་དབང་སྒྱུར་དུ་སོང་ཟིན་པར་བརྟེན། འཇོན་ཐང་ལ་ལྟོས་མེད་ཀྱིས་རང་གི་དགའ་ཉེ་ཕྱོགས་གཏོགས་རྣམས་མགོ་འདྲེན་གང་ཐུབ་ཀྱི་ལམ་སྲོལ་ངན་པ་ཞིག་གང་སར་ཁྱབ་ཡོད། གང་ལྟར་ང་ཚོ་ལ་འཛམ་གླིང་ནང་རྙེད་དཀའ་བའི་རླབས་ཆེན་གྱི་དབུ་ཁྲིད་དེ་འདྲ་ཞིག་ཡོད་ཀྱང་། འགོ་འཁྲིད་མཁན་ནས་བྱས་ཏེ་ང་ཚོ་མང་ཚོགས་བར་ཆོལ་ཁ་དང་ཆོས་ལུགས་ཀྱིས་དུག་ནད་ཀྱིས་ཟིན་ཏེ་མཐུན་འབྲེལ་ཆིག་བསྒྲིལ་མེད་པར་གྱུར་ཡོད། གལ་ཏེ་དེ་ཚོ་འགྱུར་བ་གཏོང་དགོས་ན་བོད་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་གཟིགས་ཐུབ་མཁན་དང་། དྲང་ཚུགས་ལྡན་པ། ཁྲིམས་སྒྲིག་གི་དབང་སྒྱུར་ལ་མཐའ་གཅིག་ཏུ་ཡིད་ཆེས་བརྩི་བཀུར་ཡོད་མཁན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལས་གཞན་སུ་ལའང་འོས་བབས་མེད།

སྤྱིར་ད་ལན་སྲིད་སྐྱོང་གི་འོས་མི་མང་པོ་ཕེབས་པར་དགའ་སྒོམ་བྱེད་ཆོག་པ་རེད། འོན་ཀྱང་གཅིག་མ་གཏོགས་དེ་དག་ཚང་མ་སོ་སོའི་ངོས་ནས་བཞེངས་པ་ཤ་སྟག་རེད། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་བསམ་ཤེས་ཅན་མང་པོས་བདམས་བདམས་སིག་སིག་བྱས་ཏེ་སྲིད་སྐྱོང་དུ་བཞེངས་དགོས་པའི་ཐུགས་རེ་ཆེན་པོ་གནང་བར་བརྟེན་ཁོང་ཚོ་དང་རྩ་བ་ནས་འདྲ་གི་མ་རེད། ང་ཚོའི་མི་ཚེའི་ནང་འཇོན་རྒྱུ་ཡོད་གཏང་རྒྱུ་ཡོད་ཟེར་མཁན་མང་པོ་མཐོང་ཟིན་པར་བརྟེན། ད་ཆ་དེ་དག་ལ་ཞེན་པའང་ལོག་ཡོང་གི་འདུག འོན་ཀྱང་དགའ་དགོས་པ་དང་སེམས་ཤུགས་འཕར་དགོས་པ་ཞིག་ལ། སྐུ་ངོ་དངོས་གྲུབ་མཆོག་གི་རྒྱབ་སྐྱོར་བ་རྣམས་ནི་ང་ཚོའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་བསམ་ཤེས་ཅན་རྣམས་ཡིན་པ་མ་ཟད། གཞུང་ཞབས་ཟུར་པ་དང་ལས་ཐོག་ཕོན་ཆེའང་ཡོད་འདུག ཁོང་ཚོས་རྒྱབ་སྐྱོར་བྱེད་སྐབས་ཧ་ཅང་བཟང་སྤྱོད་ལྡན་པ་དང་། གཞན་ལ་དམའ་འབེབས་བརྙས་སྨོད་མི་བྱེད་པ། རིགས་པ་དང་རྒྱུ་མཚན་ལ་བརྟེན་པ་སོགས་མཐོང་དུས་རྒྱབ་སྐྱོར་བྱ་ཡུལ་དང་རྒྱབ་སྐྱོར་བྱེད་མཁན་རྣམས་བློ་སེམས་མཐུན་པ་མ་ཟད། དངོས་གནས་བོད་ཀྱི་གནད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པའི་ནུས་པ་ལྡན་འདུག་སྙམ་པ་ཡོང་གི་འདུག

ད་ལྟའི་སྲིད་སྐྱོང་གི་འོས་མི་གཞན་རྣམས་ལས་འགའ་ཞིག་ལ་སྙིང་རྗེའི་སྒོ་ནས་འོས་ཤོག་བླུག་ཐབས་གནང་བ་དང་། རེ་འགའ་ནི་ལོ་ཤས་ནང་བོད་དོན་འགྲིགས་འཇགས་ཀྱི་ཁ་ཕོ་སྒྲོགས་པའི་ཐོག་ནས་འོས་ཤོག་ཐོབ་ཐབས་གནང་བ། ཁ་ཤས་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་བསྐྱར་བཅོས་ལ་བསྙད་དེ་འོས་ཤོག་ཐོབ་ཐབས་གནང་བ། འགའ་ཤས་ནི་དོན་གྱིས་སྟོང་པའི་མིང་སྐམ་པོ་རྣམས་གུང་བསྒྲིགས་ཏེ་འོས་ཤོག་ཐོབ་ཐབས་གནང་བ། གཅིག་ནི་སྣང་བ་སྐྱིད་སྐྱིད་ཚུལ་དུ་ལངས་པ་སོགས་འདྲ་མིན་སྣ་ཚོགས་རེད། གང་ལྟར་ཕལ་ཆེ་བ་ཚང་མ་གོ་སྐབས་ལ་ལྟོས་ཏེ་འགྱུར་ཆོག་ཆོག་ཤ་སྟག་རེད། འོན་ཀྱང་སྐུ་ངོ་དངོས་གྲུབ་མཆོག་ནི་གོང་དུ་ཞུས་པ་ལྟར་སྤྱི་ཚོགས་ཐོག་གི་གནད་ཡོད་མི་སྣ་མང་པོས་ཁ་ཞེ་གཉིས་མེད་ཀྱིས་རེ་སྐུལ་ཞུས་པར་རྒྱུ་མཚན་གཟིགས་ཏེ་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུར་རང་ཐག་རང་གཅོད་གནང་བ་ཞིག་རེད། དེ་བཞིན་ཁོང་ནི་སྐད་ཆ་སྙན་པོ་གསུང་མཁྱེན་མཁན་ཞིག་མིན་ལ། རྒྱུན་ལྡན་ནས་ངོ་ལྐོག་མེད་མཁན་ཞིག་རེད། ཁོང་ལ་བཅར་འདྲི་ཞུས་པ་ཁག་གི་བཀའ་ལན་རྣམས་ལ་གཟིགས་ན་མཁྱེན་རྒྱུ་རེད། དེའི་ནང་འཇོན་འཇོན་བཏང་བཏང་གི་བཀའ་མོལ་ཟུར་ལའང་མེད། སྐུ་ངོ་མཆོག་གི་ཡོན་ཏན་སྐོར་ལ་རྩོམ་པ་པོ་མང་པོས་གང་སར་བྲིས་ཟིན་པར་བརྟེན། འདིར་བསྐྱར་ཟློས་ཞུ་རྒྱུ་མིན།

མདོར་ན་ང་ཚོས་ཞབས་སྟེགས་ཀྱི་རྗེས་སུ་རང་རྒྱལ་གཞན་ཕམ་འགྲན་རྩོད་ནང་བཞུགས་མཁན་རྣམས་ལ་གོ་སྐབས་མ་ཕུལ་བར། ད་ལན་བོད་མིིའི་ཡོན་ཏན་ལྷན་སྐྱེས་སུ་ཡོད་ཅིང་ཞབས་སྟེགས་ལ་ཐུགས་སྣང་མེད་པར་ཞབས་འདེགས་ངོ་ལྐོག་མེད་པར་གནང་འདུན་ཡོད་མཁན་སྐུ་ངོ་དངོས་གྲུབ་མཆོག་ལ་གོ་སྐབས་འབུལ་ཐུབ་ན། རྗེས་སུ་ང་ཚོ་ཚང་མ་འགྱོད་པ་མེད་པར་ལྷོད་ཤིག་གེར་གནས་བཟོད་བདེ་བ་ཞིག་ཡོང་རྒྱུ་རེད། དེ་མིན་འདས་པའི་ལོ་བཅུ་བཞིན་ཚང་མ་སྟོང་ཟད་དུ་འགྲོ་རྒྱུ་ཉག་ཅིག་རེད། གལ་ཏེ་བོད་དོན་ལ་ཐུགས་ཁུར་ཕྲན་བུ་ཡོད་མཁན་ཞིག་ཡིན་ན་གནས་ཚུལ་རྣམས་ལ་བརྟག་དཔྱད་གནང་མ་ཐུབ་པ་གང་ཡང་མེད། དེ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཞིག་ག་ནས་ཡིན། འོས་མི་རེ་རེའི་རྒྱབ་ལྗོངས་དང་། ལས་དོན་ཇི་བྱས། རྒྱུན་ལྡན་འགྲོ་འདུག་སྤྱོད་གསུམ། མི་ཚེ་སྐྱེལ་སྟངས་སོགས་ལ་ལམ་ཙམ་བལྟས་ན་ཤེས་ཐུབ་པ་ཡིན། འོན་ཀྱང་ཕྱོགས་ལྷུང་དང་འཐེན་འཁྱེར་གྱི་ནད་ཀྱིས་ཟིན་པ་རྣམས་ལ་འགྲེལ་བཤད་ཇི་ཙམ་བྱས་ཀྱང་ཕན་ཐོགས་མེད་པ་མ་ཟད། ད་དུང་འཐེན་འཁྱེར་གྱི་ནད་དེ་ལྕི་རུ་འགྲོ་རྒྱུ་རེད། ད་དུང་རྒྱུ་མཚན་དྲང་དགོས་ན་འབྲི་རྒྱུ་མང་དག་ཡོད་རུང་། དེ་ཙམ་ཞུས་ན་གོ་ཤེས་ཉན་ཤེས་ཐུབ་མཁན་རྣམས་ཀྱིས་མཁྱེན་རྟོགས་ཐུབ་རྒྱུ་ཡིན་པ་ཞུ་མ་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཧ་ཅང་ཉག་ཕྲ་བའི་དུས་ཚོད་འདིར་བློ་གཟུ་བོར་གནས་ཏེ་ང་ཚོས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རེ་བ་ཞུ་བཞིན་པ་ལས། དེ་མིན་ཕྱོགས་ཞེན་ཕྱོགས་འཐེན་གྱི་གནས་ཚུལ་སྤུ་ཙམ་ཡང་མེད། མ་གཞི་ནས་དུས་ཚོད་ཛ་དྲག་ཅན་འདི་འདྲ་ལ་ཕྱོགས་ལྷུང་འཐེན་འཁྱེར་བྱེད་མཁན་ཡོད་ན་དེ་ཚོ་སྨྱོན་པ་མིན་ན་གང་རེད།

སྐལ་བཟང་ཚེ་རིང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ལ།