རྩོམ་པ་པོ། རྡོ་རྗེ་རྒྱལ།

དེ་རིང་ ༢༠༢༠ ཟླ་ ༡༢ ཚེས་ ༦ བར་ད་ལོའི་སྲིད་སྐྱོང་འོས་བསྡུའི་སྐོར་ཞིབ་ཏུ་བལྟས་པ་ཡིན། རྒྱབ་སྐྱོར་པ་དང་འོས་མིར་ལངས་མཁན་ཚང་མའི་གནང་སྟངས་ལ་དཔྱད་དེ། མཐར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དོན་དམ་པའི་ལྗིད་ཁོག་ཡོད་པ་ཚོར་ཞིང་། བློ་འགྱོད་མེད་པའི་ཐག་གཅོད་བྱས་པ་ཡིན། རྒྱུ་མཚན་འདི་ལྟར་ཡིན།

༡ རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་ཞིག་གིས་བོད་ནང་ནས་ཀྱང་སྲིད་སྐྱོང་ལ་འབྲོང་ཆུང་དངོས་གྲུབ་མཆོག་ལ་རེ་འདུན་ཆེ་སྐོར་སྐད་འབྱོར་སོང་ཞེས་གསུང་སོང་། ངས་དེར་ཉམས་ཞིབ་ཡུན་རིང་བྱས་པ་ཡིན། བདེན་པ་རེད། ང་ལ་མིག་ཆུ་ཤོར་སོང་། ང་ལ་དགའ་སྤོབས་སྐྱེ་སོང་། འབྲོང་ཆུང་དངོས་གྲུབ་ཀྱི་ཤུགས་རྐྱེན་བོད་ས་གང་སར་སླེབས་འདུག དེ་ལྟ་བུའི་སྲིད་སྐྱོང་ཞིག་འདེམས་རྒྱུ་ཡོད་པ་འདི་བོད་ཀྱི་བསོད་ནམས་མིན་ནམ།

༢ འབྲོང་ཆུང་དངོས་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ང་དང་ཁྱོད་ཅེས་པའི་ནང་ཁུལ་དུ་རྩོད་གཞི་ཞིག་མི་འདུག ༢༠༡༦ ལོའི་འོས་བསྡུའི་རྩོད་རྙོག་ཀྱང་མི་འདུག ཆོལ་ཁ་དང་ལུང་ཚན་ཡང་རྩོད་ཀྱི་མི་འདུག ཁོང་ཚོས་བོད་མི་ཚང་མས་སྤྱི་མིར་ངོས་འཛིན་ཞུ་ཡུལ་དང་། བོད་མི་ཚང་མ་ཆིག་སྒྲིལ་ངང་འཁྲིད་ཐུབ་པའི་ནུས་པ་ཡོད་མཁན་ཞིག་དགོས། བོད་ནང་ནས་གནས་ཚུལ་རེག་མཁན། བོད་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ནུས་མཁན་ཞིག་དགོས། ནང་བཀྲ་ཤིས་ན། ཕྱིའི་དོན་འགྲུབ་ཅེས་འབྲོང་ཆུང་དངོས་གྲུབ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག། དེ་ནི་ང་ལ་དགོས་རྒྱུའི་ནོར་བུ་རང་རེད།

༣ ཁྱད་དུ་འཕགས་པ་ཞིག་ལ། བཙན་བྱོལ་བོད་གཞུང་གི་ནང་དུ་ཞུགས་ནས་ད་བར་ལོ་ ༦༠ རིང་ཕྱག་ལས་གནང་བའི་གཞུང་ཞབས་ལས་ཟུར། བཀའ་ཟུར། སྤྱི་འཐུས་སྤྱི་ཟུར། རྒྱལ་གཅེས་ཆབ་སྲིད་བཙོན་ཟུར། མཁས་དབང་། རྩོམ་པ་པོ་སོགས་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་འགན་འཁུར་ལེན་མཁན་བརྒྱ་ཆ་ 85% ལྷག་གིས་མཐའ་གཅིག་ཏུ་ཁོང་ལ་རྒྱབ་སྐྱོར་གནང་གི་འདུག ཨ་ཡོད་ནང་གི་ད་ཡོད་ཚོས་ནམ་ཡང་བོད་མི་རིགས་ལ་ཕན་པ་ཞིག་གནང་ངེས་པ་ཐག་ཆོད་པས། ངའི་དོགས་པ་ཐེ་ཚོམ་ཡོངས་སུ་སེལ་སོང་། ད་རྒྱབ་སྐྱོར་ལོས་ཞུ།

༤ འབྲོང་ཆུང་དངོས་གྲུབ་མཆོག་གིས་ད་ལོའི་སྲིད་སྐྱོང་འོས་བསྡུར་ཁྱོན་ཡོངས་ནས་རྙོག་གྲ་ལངས་མི་ཐུབ་པ་ཞིག་བཟོས་སོང་། ཁྱོད་ཀྱིས་མཁྱེན་སོང་ངམ། ཞིབ་འཇུག་བྱས་པ་ལྟར་ན། ད་ལོ་འོས་མིར་ལངས་མཁན་གླེང་གྲགས་ཅན་ཚང་མས་འབྲོང་ཆུང་དངོས་གྲུབ་ལས་རྒྱལ་ན་འདོད་ཀྱང་། རྒྱལ་ངེས་སྙམ་པའི་གདེང་ཚོད་རྙེད་ཀྱི་མེད། འབྲོང་ཆུང་དངོས་སུ་མ་ཕེབས་ཀྱང་ཁོང་གི་རྒྱབ་སྐྱོར་པ་མང་ཞིང་ཚད་ལོངས་པ་ཡོད་པས། ལྟོས་མེད་དང་སྣང་མེད་རྩ་ནས་གཏོང་ཐུབ་ཀྱི་མེད། མང་ཆེ་བས་རྒྱལ་ཁ་ཕུལ་སའི་འོས་མི་གཙོ་བོ་དེ་ཟང་ཟིང་ནང་མ་ཞུགས་རྐྱེན། འོས་མི་ཕན་ཚུན་བར་རྩོད་གླེང་ཡོང་གི་མེད། རྩོད་གླེང་མ་ཡོང་བས་སྤྱི་ཚོགས་གླེང་འཇགས་རང་བཞིན་གྱི་ཡོང་གི་ཡོད། དེ་ནི་ཁོང་གི་གཟི་བརྗིད་ཅིག་རེད།

༥ སྔོན་འགྲོའི་སྐབས་འོས་མི་འཚོལ་རྒྱུ་མི་མང་གི་ལས་འགན་ཡིན་པ་བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུའི་ལྟ་གྲུབ་དང་དམིགས་ཡུལ་ཡིན་པ་གཞིར་བཟུང་། སྔོན་འགྲོའི་སྐབས་ནས་མི་མང་ལ་མ་འོངས་བྱེད་འཆར་སོགས་གང་ཡང་མ་བསྒྲགས་པ་ནི། སྙིང་པོ་མི་མང་གི་བརྟན་ཅིང་བརླིང་པའི་ཡིད་ཆེས་འཚོལ་བ་ཡིན་ཏེ། དང་པོར་མི་མང་གིས་རིན་གོང་ཚུར་བརྒྱབས་པ་ཡིན་ན། མ་འོངས་པར་གཞུང་མང་དམ་ཚིག་འོ་ཆུ་གཅིག་འདྲེས་ཤིག་ཡོང་ངེས་པས། ཁོང་གི་གནང་སྟངས་འདི་ཡང་ཁ་ཤས་ཀྱི་སྐྱེ་བ་མང་པོར་སེམས་ལ་མི་འཁོར་བ་ཞིག་རེད་འདུག་པས། ངོ་མཚར་ཆེའོ། དངོས་གྲུབ་རང་འབར་ལགས།

༦ འབྲོང་ཆུང་དངོས་གྲུབ་མཆོག་གིས་ ”ང་ལ་དེ་སྔ་སྲིད་སྐྱོང་དུ་ལངས་བསམ་པ་མེད་ཅེས་”གསུང་པ་ནི་དེ་བས་ཀྱང་རིན་ཐང་ལྡན་པ་ཞིག་སྟེ། སྲིད་སྐྱོང་ནི་གཅིག་ལས་མེད། བོད་མི་ཐམས་ཅད་ཀྱི་ནང་ནས་ང་གཅིག་པུ་སྲིད་སྐྱོང་ཆགས་ན། ང་ཁོ་ནས་སྲིད་སྐྱོང་ལ་འཇོན་ངེས། སྲིད་སྐྱོང་ཞིག་བྱེད་རྒྱུ་བྱུང་ན་ཞེས་རྨི་ལམ་བཏང་མེད་པ། ཧམ་པ་ལངས་མེད་པ་ནི་ཤུགས་ནས་གོ་ཐུབ། ལོ་མང་སྔོན་ནས། ཉིན་མཚན་མེད་པར། འོས་བསྡུ་འགོ་མ་བཙུགས་སྔོན་ནས། སྲིད་སྐྱོང་ལ་ལང་གི་ཡིན། སྲིད་སྐྱོང་ཞིག་ཐོབ་ན་ཞེས་བསམ་བློ་ཡང་ཡང་འཁོར་བསྡད་ན། དེ་རང་དོན་ཡིན་ནམ་སྤྱི་དོན་ཡིན། གཏམ་སྙན་གྲགས་ལ་དགའ་བ་ཡིན་ནམ་བོད་མི་རིགས་ལ་དགའ་བ་ཡིན་གླེན་པས་ལྟོས་ཀྱང་ཤེས་ནུས་པས། མི་མང་གིས་ཡིད་ཆེས་བློས་འགེལ་གྱི་རེ་སྐུལ་འབྱོར་མཚམས་རེ་འདུན་གཞིར་བཟུང་། སྲིད་སྐྱོང་དུ་ལང་རྒྱུར་རང་ཐག་རང་གཅོད་གནང་བ་ནི་གཟི་བརྗིད་ཆེའོ། གཞན་དང་མི་འདྲའོ། སྐྱེས་བུ་དམ་པའི་རྟགས་རང་རེད།

༧ གསར་ཁང་ཁག་གི་བཅའ་འདྲིར་བཀའ་ལན་གནང་བའི་ནང་དུའང་། འུར་གཏམ། མགོ་སྐོར། སྟོང་གཏམ་གང་ཡང་མེད་པར། གཞི་དངོས་ཡོད་གནས་ཚུལ་ལག་མཐིལ་ལ་བླངས། རང་ལྗིད་རང་གིས་ལོན་པ། ཆབ་སྲིད་བཙོག་པའི་ཁེ་ཕན་བཙོང་རེས་ཀྱི་བྲན་གཡོག་ཉག་ཅིག་ཏུ་འགྱུར་མི་རུང་བའི་བརྡ་དོན་མངོན་པར་གསལ་བའི་གནད་ཚང་བ་བཅས་ཀྱིས། སེམས་ཀྱི་སྟེང་ནས་རུས་པའི་གསེང་ནས་ཐག་གཅོད་བྱས་པ་ཡིན་ནོ། འབྲོང་ཆུང་དངོས་གྲུབ་རང་དབང་རྣམ་པར་རྒྱལ་ངེས། ༢༠༢༠ ཟླ་ ༡༢ ཚེས་ ༦ ཉིན།