DOWNLOAD PDF
གསར་འགོད་པ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགྱུར་ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུ། ང་བསྟན་འཛིན་རྡོ་རྗེ་ཡིན། ཕྱི་ལོ་ ༢༠༢༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡ པོའི་ཚེས་༣ དང་། དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ཟླ་ ༤ པའི་ཚེས་ ༡༡ ཉིན་གནང་གཏན་འཁེལ་ཡོད་པ་རེད། རྒྱ་ཆེའི་མང་ཚོགས་ནས་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་དོ་བདག་སོ་སོའི་འོས་ཤོག་དེ་རང་དོན་རང་གཅེས་ཀྱི་ཐོག་ནས་དགོས་ངེས་ཀྱི་ཆ་རྐྱེན་ཚང་བའི་གང་ཟག་སུ་ལ་ཕུལ་ནའང་འགྲིག་གི་ཡོད་ཀྱང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་གསལ་བསྒྲགས་དངོས་སུ་བསྐྱངས་པ་ནས་བཟུང་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་གང་ཟག་བརྒྱད་དངོས་སུ་ཡོངས་གྲགས་བྱུང་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་ནས་ངའི་སྲིད་སྐྱོང་ཞེས་པའི་ལས་རིམ་ཞིག་གི་ཐོག་ནས་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་ཡོངས་གྲགས་བྱུང་བའི་གང་ཟག་བརྒྱད་པོ་དེ་དག་གི་མ་འོངས་པའི་འཆར་གཞི་དང་ལས་འཆར་ཐོག་ལ་བཀའ་འདྲི་ཞུས་པའི་ལས་རིམ་ཞིག་རྒྱང་བསྲིང་ཞུ་བཞིན་པ་ལྟར། དེ་རིང་ང་ཚོའི་ལས་རིམ་འདིའི་ནང་ལ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ལྷན་དུ་གླེང་མོལ་ཞུ་གི་ཡིན།

རྩ་བའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སྐུ་སྒེར་གྱི་ཐོག་ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིའི་ནང་ལ་ཞུགས་རྒྱུའི་གསལ་བསྒྲགས་གནང་མེད་ནའང་། དྲྭ་ལམ་ཐོག་ལ་རྒྱབ་སྐྱོར་པ་ཁག་ཅིག་གིས་བཀའ་ཟུར་མཆོག་ལ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་ནས་དེ་སྔ་བཀའ་ཟུར་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་པའི་སྐབས་སུ་གལ་སྲིད་མང་ཚོགས་ནས་རྒྱབ་སྐྱོར་ཐོག་ནས་དངོས་གཞིའི་འོས་མིའི་ཁོངས་སུ་ཚུད་པ་ཡིན་ན། ཕྱིར་འཐེན་མ་ཞུས་པར་སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་ཁོངས་སུ་ཞུགས་རྒྱུའི་ཐུགས་ཐག་བཅད་ཟིན་པ་ཡིན་ཞེས་གསུངས་ཡོད།

བཀའ་ཟུར་མཆོག་དང་གླེང་མོལ་གྱི་ལས་རིམ་འདི་འགོ་འཛུགས་མ་ཞུས་པའི་གོང་དུ། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གསན་གཟིགས་གནང་རོགས་གནང་།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནི་ཕྱི་ལོ་ ༡༩༥༦ ལོར་བོད་ལ་སྟོད་ཟུར་མཚོའི་འབྲོང་ཆུང་ཁྱིམ་ཚང་དུ་འཁྲུངས་པ་དང་། བཙན་བྱོལ་བོད་མིའི་མི་ཐོག་དང་པོའི་གྲས་ཤིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་ལ་ཕེབས་པའི་རྗེས་སུ་ཌལ་ཧོར་གཏན་སློབ་ལ་ཏུ་གཞི་རིམ་སློབ་སྦྱོང་གནང་སྟེ། མཐར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སྲིད་དོན་ཚན་རིག་ཐོག་ལ་ཉེ་བའི་གཙུག་ལག་རམ་འབྱམས་པའི་སློབ་མཐར་སོན་ཡོད།

འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཉེ་བའི་ལོ་དུས་ཏེ་ཕྱི་ལོ་ ༡༩༩༡ ནས་ ༢༠༠༧ བར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་གནང་བ་དང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར་བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད། ད་ལྟའི་ཆར་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་མུས་ཙམ་མ་ཟད། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲས་ཤིག་ཀྱང་རེད།

ཕྱི་ལོ་ ༡༩༧༧ ལོར་ཐོག་མར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་ཁོངས་སུ་ཞུགས་ནས་༧རྒྱལ་བའི་སྐུ་ཕྱྭའི་ཞབས་ཞུ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱ་རྒྱུའི་ལས་དོན་བཞེས་པ་མ་ཟད། ཕྱི་ལོ་ ༡༩༨༣ ལོར་བོད་ནང་དངོས་སུ་ཕེབས་ནས་གཞིས་བཞུགས་བོད་མི་རྣམས་དང་ལྷན་དུ་གལ་གནད་ཆེ་བའི་འབྲེལ་ལམ་ཁག་ཅིག་འཛུགས་ཐུབ་པ་བྱུང་ཡོད་འདུག

ཐོག་མར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འདི་ག་རླུང་འཕྲིན་ཁང་གི་འགན་འཛིན་དབུས་པའི་ལས་བྱེད་ཐུན་མོང་གི་ཚབ་ཞུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།

བཀའ་ཟུར་མཆོག་ད་ལྟའི་ཆར་སྐུ་སྒེར་ཐོག་ནས་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་དངོས་སུ་ཞུགས་ཡོད་མ་རེད། ཡིན་ནའང་། དྲྭ་ལམ་ཁག་ལ་སྐུ་ངོར་རྒྱབ་སྐྱོར་གནང་མཁན་ཚོས་དྲིལ་བསྒྲགས་གནང་གི་འདུག དེ་བཞིན་སྐུ་ངོས་ང་ཚོའི་དེ་སྔའི་བཅའ་འདྲིའི་ལེ་ཚན་ནང་ལ་མ་འོངས་པར་དངོས་གཞིའི་འོས་མིའི་ཁོངས་སུ་ཚུད་པ་ཡིན་ན་ཕྱིར་འཐེན་གནང་གི་མིན་ཞེས་གསུངས་ཟིན་པ་སོང་ཙང་། མ་འོངས་སྲིད་སྐྱོང་གི་ལས་གནས་ཐོག་ལ་ཕེབས་པ་ཡིན་ན། མ་འོངས་པའི་འཆར་གཞི་དང་། སྲིད་བྱུས་བསྒྲགས་གཏམ་དེ་འདྲ་ཕལ་ཆེར་གཏན་འབེབས་ཡོད་རེད་བསམ་གྱི་འདུག སྤྱིར་བཏང་ད་ལྟའི་ཆར་གཏན་འབེབས་འདྲ་པོ་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
རེད། ངས་སྔོན་མ་ཁྱེད་རང་ཚོའི་ལས་རིམ་ཐོག་ལ་མ་འོངས་པར་ང་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་སླེབས་པ་དེ་འདྲ་བྱུང་ན། ངས་མང་ཚོགས་ཀྱི་རེ་འདུན་ལྟར་དགོངས་པ་ཞུ་གི་མིན་ཞེས་ཁས་ལེན་བྱས་པ་ཡིན། དེ་འདྲ་སོང་ཙང་ད་ལྟའི་ཆར་སྲིད་བྱུས་བསྒྲགས་གཏམ་དེ་འདྲ་ཡོངས་གྲགས་བྱ་རྒྱུ་གནས་བབ་ཅིག་གི་ཐོག་ནས་ཏག་ཏག་ཡོད་མ་རེད། ཡིན་ནའང་། ང་ད་ལྟ་བར་ལོ་མང་པོ་ཞིག་གི་རིང་ལ་ལས་ཀ་བྱས་ནས་བསྡད་པ་ཡིན་ཙང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་དུས་དང་རྣམ་པ་ཀུན་ཏུ་སོ་སོའི་བསམ་བློའི་འཆར་སྒོར་འདི་དངདེ་བྱེད་དགོས་ཀྱི་འདུག འདི་བྱེད་རྒྱུ་འདུག འདི་དང་དེའི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག་བསམ་པའི་བསམ་བློའི་བག་ཆགས་ཏན་ཏན་ཡོད་རེད་ལ། དེ་འདྲ་ཡོང་གི་འདུག

གསར་འགོད་པ།
ད་ལྟའི་ཆར་སྲིད་བྱུས་བསྒྲགས་གཏམ་དེ་ཚོ་གཏན་འབེབས་ཡོངས་བསྒྲགས་མེད་གསུངས་པ་རེད། ཡིན་ནའང་། ད་ལྟའི་ཆར་སྲིད་སྐྱོང་གི་འོས་ནང་བཞེངས་མཁན་གཞན་རྣམ་པ་ཚོ་ཡིན་ན་སྐུ་སྒེར་ཐོག་ནས་མ་བསྐུལ་དང་བླངས་ཐོག་ནས་བཞེངས་པ་རེད། འདས་པ་དང་། ད་ལྟ། མ་འོངས་པའི་ཆར་ཡིན་ནའང་མ་འོངས་པའི་སྲིད་བྱུས་བསྒྲགས་གཏམ་དེ་ཚོ་ཡོངས་གྲགས་གནང་དང་གནང་བཞིན་པའི་དུས་ཚོད་ཅིག་ཆགས་ཀྱི་འདུག ཡིན་ནའང་། ད་ལྟའི་ཆར་སྤྱི་ཚོགས་ནང་ལ་སྐུ་ངོ་སྐུ་སྒེར་ཐོག་ནས་ད་ལྟའི་སྲིད་སྐྱོང་གི་འོས་གཞིའི་ནང་ལ་ཞུགས་མེད་ཙང་། མང་ཚོགས་ཀྱིས་རེ་བསྐུལ་གནང་བ་ཙམ་མ་གཏོགས་སྐུ་སྒེར་གྱི་ངོས་ནས་ཞུགས་ཡོད་མ་རེད་ཅེས་གསུང་མཁན་དེ་འདྲ་ཡོང་གི་འདུག དེ་ཚོའི་ཐོག་ལ་སྐུ་ངོར་དགོངས་ཚུལ་གང་འདྲ་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ངས་དེ་སྔ་ཞུས་པ་དེར་འགྱུར་བ་གང་ཡང་མེད། ང་ལ་ཕྱོགས་གང་ས་གང་ནས་རེ་བ་དང་། འབོད་བསྐུལ་མང་པོ་ཞིག་གནང་བར་བརྟེན། འདི་ཞུ་ཐུབ་ཀྱི་མི་འདུག་ཅེས་ཞུ་རྒྱུ་ནི་རྩ་བ་ཉིད་ནས་མ་འགྲིག་པ་འདྲ་པོ་དང་ཞུ་མི་ཤེས་པ་འདྲ་པོ་ཡིན་སྟབས། ད་ཆ་ངས་སེམས་ཐག་བཅད་ནས་སྲིད་སྐྱོང་གི་འོས་གཞིའི་ནང་ལ་སླེབས་པ་ཡིན་ན། མུ་མཐུད་ནས་བོད་སྤྱི་པའི་ཞབས་ཕྱི་ཞུ་རྒྱུར་འགན་ཞིག་འཁྱེར་བསམ་པ་སེམས་ཐག་གཙང་བཅད་ཡིན་ལ། ང་བཀའ་ཤག་སྔ་རྗེས་ནང་ལ་བསྡད་པའི་མི་ཞིག་རེད། དེ་འདྲ་ཡིན་པའི་ཆ་ནས་སྲིད་སྐྱོང་གི་འགན་དེ་ལྗིད་པོ་ག་ཚོད་ཡིན་པ་གསལ་གསལ་ཐིང་ཐིང་ཤེས་པའི་ཐོག་ནས་སྤྱི་པའི་ཞབས་ཕྱི་ཞུ་རྒྱུར་སོ་སོས་སེམས་ཐག་བཅད་ནས་རང་ཐག་རང་གཅོད་བྱས་པ་ཡིན་ཞུ་རྒྱུ་ཡིན།

གསར་འགོད་པ།
ད་ལྟའི་ཆར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་སྲིད་བྱུས་བསྒྲགས་གཏམ་དེ་དག་ཡོངས་གྲགས་གནང་ཡོད་མ་རེད། ཡིན་ནའང་། གོང་དུ་གནད་འགག་དེ་དག་གསུངས་སོང་། སྤྱིར་བཏང་སྐུ་ངོ་སྒྲིག་འཛུགས་ནང་ལ་སྲི་ཞུ་ལས་བྱེད་རྒྱུན་རིང་པོ་གནང་ནས་བཞུགས་ཙང་སྒྲིག་འཛུགས་ཀྱི་གནང་སྒོ་ཁག་གི་ཐོག་ལ་ཐུགས་རྒྱུས་ཆེན་པོ་ཡོད་གསུངས་པ་རེད། དེ་བཞིན་བཀའ་ཤག་རིམ་པའི་ནང་ལ་བཀའ་བློན་གནང་བ་སོང་ཙང་། མ་འོངས་པར་སྲིད་སྐྱོང་གི་ལས་གནས་ཐོག་ལ་ཕྱག་ལས་གནང་དགོས་པར་ཐུགས་རྒྱུས་ཡོད་གསུངས་པ་རེད། དེ་དང་འབྲེལ་བའི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་ཅིག་གི་ཐོག་ལ་བཀའ་འདྲི་ཞུ་ཆོག་པ་ཞུ་གི་ཡིན། ཐོག་མར་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་འབྲོང་ཆུང་དངོས་གྲུབ་ལགས་ཡིན་ན། དེ་སྔ་བོད་ནང་ལ་ཕེབས་པའི་ཉམས་མྱོང་ཡོད་རེད། དེ་བཞིན་བཀའ་བློན་གནང་བའི་ཉམས་མྱོང་ཡོད་རེད། དེ་འདྲའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གནད་དོན་ཐོག་ལ་ཐུགས་རྒྱུས་གང་འཚམས་ཡོད་རེད། མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་བསྐྱར་མཐུད་ཐུབ་པར་སྒྲིག་འཛུགས་ཀྱི་ངོས་ནས་གནང་དགོས་པ་ག་རེ་གཟིགས་ཀྱི་འདུག་གམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
སྤྱིར་བཏང་ང་ཚོའི་བཅའ་ཁྲིམས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་རྣམ་གསུམ་གསལ་གསལ་ཐིང་ཐིང་འཁོད་ཡོད་རེད། གཙོ་བོ་བོད་ཀྱི་བདེན་མཐའ་གསལ་ཐབས་རེད། གཉིས་པ། བཙན་བྱོལ་བོད་མིའི་བདེ་སྡུག་བལྟ་རྒྱུ་རེད། བོད་ཀྱི་བདེན་མཐའ་གསལ་ཐབས་ཟེར་དུས། མེས་འཚིག་མེར་གཏུག་བྱས་ཏེ་འབྲེལ་མོལ་བྱ་རྒྱུ་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཡོད་པ་རེད། འདས་པའི་ལོ་ཤས་ནང་ལ་འབྲེལ་མོལ་བྱུང་ཡོད་མ་རེད། ཡིན་ནའང་། འབྲེལ་མོལ་དགོས་པ་གལ་ཆེན་པོ་ཡིན་པ་དང་། འབྲེལ་མོལ་དེ་ཡང་རྒྱ་ནག་གི་དབང་འཛིན་པ་ཚོར་ཕྱིའི་རྒྱལ་ཁབ་དང་རིམ་པ་གཞན་གྱི་ཐོག་ནས་གནོན་ཤུགས་སྤྲད་ནས་འབྲེལ་མོལ་ཡོང་རྒྱུར་ང་ནི་རེ་བ་བྱེད་མཁན་གྲས་མིན། ཁོ་ཚོའི་དངོས་ཡོད་གནས་བབ་རེད། ང་ཚོའི་གནས་བབ་རེད། ལྷག་པར་དུ་ཁོ་ཚོས་ཡིད་ཆེས་བརྒྱ་ཆ་བརྒྱ་མེད་པ་ཡིན་ནའང་གྲོགས་པོའི་འདུ་ཤེས་ཡོད་པ་དེ་འདྲའི་བརྒྱུད་ལམ་རིགས་བཙལ་ནས་འབྲེལ་མོལ་སླར་གསོ་ཡོང་རྒྱུའི་ཐོག་ལ་ནུས་ཤུགས་གང་ཡོད་བཏོན་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད་ལ། དེ་ངེས་པར་དུ་ཞུ་རྩིས་ཡོད།

གསར་འགོད་པ།
མ་འོངས་པར་ཕྱི་འབྲེལ་གྱི་ལས་དོན་ཐོག་ནས་བོད་ཀྱི་གནད་དོན་ཐོག་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཤུགས་གསར་པ་ག་རེ་སྐྱོན་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ཕྱི་འབྲེལ་ཐོག་ལ་རྒྱལ་སྤྱིའི་ནང་ལ་བོད་དོན་ཐོག་ལ་རྒྱབ་སྐྱོར་ནི་ ༡༩༨༠ གྱ་གྲངས་ནས་བོད་དོན་རྒྱལ་སྤྱིའི་ཆབ་སྲིད་ལྡིངས་ཆའི་ཐོག་ལ་ཚད་མཐོ་པོ་སླེབས་ཐུབ་ཡོད། དེ་དག་ཚང་མ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་། གཤམ་འོག་གི་ལས་བྱེད་ཚོས་སྐབས་དུས་སོ་སོར་སྐུ་ལས་སྐྱོན་པར་བརྟེན་ནས་བྱུང་བ་རེད། དེ་ཚོའི་ཐོག་ལ་མུ་མཐུད་ནས་འབད་བརྩོན་བྱེད་ཀྱི་ཡིན།

ད་ལྟའི་ཆར་འཛམ་བུ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་མྱུར་པོའི་ཐོག་ནས་འགྱུར་བ་འགྲོ་བཞིན་པ་རེད། ལྷག་པར་དུ་ང་རང་ཚོས་དོ་སྣང་བྱེད་ས་དང་གཏུགས་ས་རྒྱ་ནག་དང་ཨ་རིའི་འབྲེལ་བ། རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ། དེ་ཚོའི་ཐོག་ལ་ཧ་ལམ་ཉིན་མ་རེ་རེར་འགྱུར་འགྲོས་གསར་པ་དེ་འདྲ་ཡོང་གི་ཡོད་པ་ཡིན་དུས་སྲིད་སྐྱོང་མི་གཅིག་གིས་ཚང་མར་སྙོབ་ཐབས་ཡོད་མ་རེད། དེ་ཚོའི་ཐོག་ལ་ག་དུས་ཡིན་ནའང་ཕྱི་འབྲེལ་ཐོག་ལ་རྒྱུས་ཡོད་པ་གཅིག་དང་། མི་འགྲོ་འཕེར་པ་གཅིག་འཚོལ་དགོས་པ་རེད།

ལྷག་པར་དུ་སྔོན་མ་དང་མི་འདྲ་བར་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་ཡང་བོད་མི་གང་ཙམ་གྱི་མང་པོ་སླེབས་ཡོད་པ་དང་། དེ་དག་གི་ནང་ལ་ཉམས་མྱོང་ཡོད་པ་དང་། རྒྱུས་ཡོད་པ་ཡག་པོ་དེ་འདྲ་ཡང་ཡོད་རེད། ང་ཚོ་བོད་སྤྱི་པའི་དོན་དག་དེ་ཚང་མས་མཉམ་རུབ་བྱས་ནས་འབད་བརྩོན་བྱེད་དགོས་པ་ཞིག་རེད།

༡༩༨༠ གྱ་གྲངས་དང་། ༡༩༩༠ གོ་གྲངས་ནང་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་འབད་བརྩོན་ཞེ་དྲགས་གནང་བ་རེད། ད་ལྟ་ང་ཚོའི་བོད་མི་མང་པོ་ཞིག་ཕྱི་ལ་ཡོད་ཙང་རང་དོན་རང་གཅེས་བྱས་ནས་སོ་སོའི་ངོས་ནས་བོད་དོན་དེ་སྔར་ལས་ལྷག་པ་རྒྱལ་སྤྱིའི་ཐོག་ལ་སྐྱེལ་ཐུབ་དགོས་པ་དེ་ཚང་མས་ངོས་འཛིན་གཅིག་འགྱུར་རེད། དེ་ཡོང་བར་བྱེད་པ་ལའང་གཞི་རྩ་དེ་བོད་ཀྱི་གནས་ཚུལ་དེ་བོད་ནང་ལ་ཡོད་པའི་བོད་མི་ཚོའི་དཀའ་ངལ་དང་། སྡུག་བསྔལ། འགྱུར་འགྲོས་དེ་དག་དུས་ཐོག་ལ་མཁྱེན་པ་དགོས་པ་གལ་ཆེན་པོ་རེད། དེ་ཚོའི་ཐོག་ལ་རྒྱལ་སྤྱིའི་རོགས་པ་འཚོལ་དགོས་པ་གལ་ཆེན་པོ་ཡིན་པ་ངས་ངོས་འཛིན་ཞུ་གི་ཡོད། དེའི་ཐོག་ལ་ཤུགས་རྒྱབ་དགོས་པའི་དུས་ཚོད་གཅིག་རེད་ལ། ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་གླེང་སློང་ཡོང་རྒྱུར་གོ་སྐབས་གསར་པ་ཞིག་ཀྱང་ཏན་ཏན་ཆགས་ཡོད་རེད་བསམ་གྱི་འདུག

གསར་འགོད་པ།
བོད་ནང་གི་གནས་ཚུལ་རེད། འགྱུར་འགྲོས་དེ་དག་རྒྱལ་སྤྱིའི་ཐོག་ལ་མངོན་གསལ་གནང་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་། ཡིན་ནའང་། བར་སྐབས་ཤིག་ནས་ང་ཚོར་བོད་ནང་གི་གནས་ཚུལ་མཁོ་སྤྲོད་ཡོང་རྒྱུར་དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེའི་ཐོག་ལ་མ་འོངས་པར་ནུས་པ་ག་ཚོད་ཙམ་འདོན་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
རེད། སྔོན་མ་ ༡༩༨༠ གྱ་གྲངས་དང་། ༡༩༩༠ གོ་གྲངས་ནང་བཞིན་སྟབས་བདེ་པོ་མེད་པ་དེ་དངོས་འབྲེལ་རེད། བོད་ནང་ལ་རྒྱ་མིས་དམ་བསྒྲགས་དེ་ཧ་ལས་པའི་ཤུགས་ཆེན་པོ་རེད། ཕར་འགྲོ་ཚུར་ཡོང་བྱེད་མཁན་གྱི་མི་ཞེ་དྲགས་ཉུང་ཉུང་ཆགས་ཚར་པ་རེད། ཡིན་ནའང་། ཐབས་ལམ་ཁྱོན་ནས་མེད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། གཙོ་བོ་ང་ཚོ་བཙན་བྱོལ་བོད་མི་ཚོས་བོད་དོན་ཐོག་ལ་ག་རེ་བྱེད་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་གང་ཡིན་བོད་ནང་ནས་ཤེས་ཐུབ་དགོས་པ་དང་། བོད་ནང་གི་དཀའ་ངལ་དང་གནས་སྟངས་གང་ཡིན་པ་དུས་ཐོག་ལ་ཤེས་ཐུབ་རྒྱུ། སྔ་མ་ནང་བཞིན་དེ་རིང་བྱུང་བའི་གནས་ཚུལ་སང་ཉིན་ཤེས་ཐུབ་པའི་གནས་སྟངས་མེད་པ་ཡིན་ནའང་། རིང་པོར་མི་འགྱངས་པར་ཤེས་པའི་ཐོག་ནས་རྒྱལ་སྤྱིའི་སྟེང་ལ་སྐྱེལ་དགོས་པ་མ་ཟད། རོགས་པ་འཚོལ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནི་ཏན་ཏན་མ་ཐུབ་པ་ཞིག་མ་རེད།

གཉིས་ནས་ད་ལྟའི་ཆར་རྒྱ་ནག་གཞུང་གི་སྲིད་བྱུས་དེ་ཞེ་དྲགས་དམ་པོ་རེད། ཡིན་ནའང་། རྒྱལ་ཁབ་ཚང་མའི་ནང་རྒྱལ་ཁབ་སྐྱོང་བའི་སྲིད་བྱུས་ལ་ཡང་ཡང་འགྱུར་བ་འགྲོ་གི་ཡོད། རྒྱ་ནག་ནང་ལ་ཡང་འགྱུར་བ་ཤུགས་ཆེན་པོ་འགྲོ་གི་ཡོད་རེད་བསམ་གྱི་འདུག ང་ཚོས་ཤེས་ཀྱི་རེད། ཕྱི་ལོ་ ༡༩༥༩ ནས་ང་ཚོ་བོད་ཕྱི་ནང་གཉིས་དབར་ལ་འབྲེལ་བ་ཁྱོན་ནས་མེད་པ་བྱས་ཏེ་བསྡད་མྱོང་བ་རེད། དེ་ནས་ཡང་འགོ་ཁྲིད་འགྱུར་བ་ཕྱིན་པ་དང་གནས་སྟངས་ཤིག་གི་འོག་ནས་རྒྱ་ནག་ནང་ལའང་གུ་ཡངས་བཏང་། བོད་ན་ལའང་གུ་ཡངས་ཀྱི་སྲིད་བྱུས་དེ་སྒོ་ཕྱེ་ནས་ང་ཚོ་བོད་གཞིས་བྱེས་གཉིས་དབར་ལ་འགྲོ་འོང་འགོ་ཚུགས་པ་དང་། གཞུང་གི་སྐུ་ཚབ་ཚོགས་པ་དེ་འདྲ་ཕེབས་ཐུབ་པའི་དུས་ཚོད་བཟང་པོ་གཅིག་བྱུང་བ་རེད། ད་ལྟ་དམ་བསྒྲགས་ཞེ་པོ་གཅིག་རེད་དེ། ག་ཚོད་ཙམ་གྱིས་མིའི་སེམས་ཁམས་ཐོག་ལ་བཏང་འཛིན་བྱེད་ཐུབ་ཀྱི་རེད་དམ། དེ་དག་ཚང་མར་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག གང་ལྟར་འགྱུར་བ་འགྲོ་གི་རེད་བསམ་གྱི་འདུག འགྱུར་བ་འགྲོ་བའི་སྐབས་སུ་ང་ཚོས་རྗེས་ལུས་མ་ཐེབས་པ་བྱ་རྒྱུ་གལ་ཆེན་པོ་རེད།

གསར་འགོད་པ།
ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་གྱི་ནང་ལ་འཐབ་རྩོད་གནང་མཁན་འབངས་མི་སེར་རྣམས་ཆིག་སྒྲིལ་དགོས་པ་དེ་གལ་ཆེན་པོ་རེད་གསུང་གི་ཡོད་རེད། ལྷག་པར་དུ་ད་ལྟའི་ང་ཚོའི་འོས་བསྡུའི་བརྒྱུད་རིམ་ནང་ལ་ཡིན་ནའང་བོད་པ་ཚང་མ་ཆིག་སྒྲིལ་ཐོག་ནས་འཁྲིད་ཐུབ་མཁན་གྱི་སྲིད་སྐྱོང་གཅིག་དགོས་ཀྱི་འདུག་གསུང་མཁན་གང་ཙམ་མང་པོ་ཆགས་ཀྱི་ཡོད་རེད། སོང་ཙང་། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཐོག་མར་ང་ཚོ་བོད་པའི་ད་ལྟའི་ཆིག་སྒྲིལ་གྱི་གནས་བབ་དེ་ལ་དཀའ་ངལ་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
འདས་པའི་ལོ་ཤས་ནང་ང་ཚོའི་སྤྱི་ཚོགས་ནང་གི་གནས་སྟངས་གང་འདྲ་ཆགས་ཡོད་པ་ང་ཚོ་ཚང་མས་ཧ་གོ་དོན་གསལ་རེད། གསལ་གསལ་ཐིང་ཐིང་རེད་མ་གཏོགས་དེ་ལ་སྦུག་སྦུག་འདྲ་པོ་བྱེད་དགོས་པ་གང་ཡང་ཡོད་མ་རེད་བསམ་གྱི་ཡོད། བྱས་ཙང་། ད་ལྟ་མང་པོ་གཅིག་གིས་ང་ལ་སྲིད་སྐྱོང་གི་འོས་གཞིའི་ནང་ལ་སྡོད་རོགས་ཞེས་རེ་འདུན་བྱེད་མཁན་ཚོས་འགྲེལ་བཤད་རྒྱབ་པའི་གནད་དོན་གཙོ་བོ་གཅིག་ནི་ཆིག་སྒྲིལ་ཞིག་བྱུང་རོགས་བྱས་ན། ང་ཚོ་ཆོལ་ཁ་གསུམ་འདི། སྐྱིད་ན་སྐྱིད་མཉམ། སྡུག་ན་སྡུག་མཉམ། ཞེས་ཁ་རྒྱུན་ལ་ཡོད་པ་གཞི་བཟུང་ཡོང་རྒྱུར་རེ་བ་བྱེད་ཀྱི་འདུག

ང་ཚོ་མི་ཚང་མ་སེམས་པ་གཅིག་ཏུ་བསྒྲིལ་བ་ནང་བཞིན་ཡོང་གི་མ་རེད། མང་གཙོའི་སྤྱི་ཚོགས་ནང་ལ་བསམ་ཚུལ་མི་མཐུན་པ་ཏན་ཏན་ཡོང་གི་རེད་ལ། ཡོང་ཆོག་གི་རེད། ཡོང་དགོས་པ་ཞིག་རེད། འོན་ཀྱང་ཆེ་ས་སྤྱིའི་རྩ་དོན་ཐོག་ལ་ནུས་པ་མཉམ་སྤུང་དགོས་པ་དང་། ཆིག་སྒྲིལ་བྱས་ནས་བསྡད་དགོས་པ་དེ་ཧ་ལས་པའི་གལ་ཆེན་པོ་རེད་བསམ་གྱི་འདུག དེ་འདྲའི་ཐོག་ལ་ཕྲན་བུའི་ཞབས་འདེགས་ཞུ་ཐུབ་ན་བསམ་པ་དང་། མང་ཚོགས་ནས་རེ་བ་སྐྱོན་པ་ནང་བཞིན་སོ་སོ་ལ་ཡིན་ནའང་སེམས་ཤུགས་འཕར་མ་དང་། སེམས་སྐུལ་ཐོལ་པ་ཞིག་སླེབས་ཡོང་གི་འདུག དེ་འདྲ་ཡིན་དུས། ངས་ཁས་ལེན་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་གཞི་རྩ་དེ་དག་ལ་བརྟེན་ནས་བྱས་པ་རེད།

ཆིག་སྒྲིལ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོ་བོད་པ་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་རེད། སྒྲིག་འཛུགས་ལ་ཆ་བཞག་པ་ཡིན་ནའང་ཆིག་སྒྲིལ་གལ་ཆེན་པོ་རེད། མི་མང་དང་འཐབ་རྩོད་ལ་ཆ་བཞག་པ་ཡིན་ནའང་ཆིག་སྒྲིལ་ནི་མེད་ན་མེད་ཐབས་ཀྱི་སྟོབས་ཤུགས་དང་ནུས་པ་ཞིག་རེད།

གསར་འགོད་པ།
མ་འོངས་པར་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ད་ལྟའི་གནས་བབ་འདི་ནས་ཆིག་སྒྲིལ་གང་འདྲ་བྱས་ནས་བཟོ་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
བཟོ་མ་ཐུབ་པ་གང་ཡང་ཡོད་མ་རེད། གཞི་རྩའི་ཆ་ནས་བོད་མི་ཚང་མའི་སེམས་ནང་ལ་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་དང་། སྒྲིག་འཛུགས་འདི་ལ་ཞེན་ཁོགགཅེས་ཞེན་བྱེད་ས་ཡིན་པའི་ངོས་འཛིན་གཅིག་འགྱུར་རེད། དེ་ཡིན་དུས་དཀའ་ངལ་ཆེན་པོ་ཡོད་མ་རེད། ཕྲན་བུ་ལས་ཀ་བྱེད་མཁན་གྱི་བྱེད་སྟངས་འགྲིག་མིན་ལ་བལྟ་ཚུལ་དང་མཐོང་ཚུལ། བསམ་ཚུལ་ཡོང་ཆོག་པ་རེད་ལ། ཡོང་སྲིད་ཀྱི་རེད། དེ་ཚོའི་ཐོག་ལ་ཡིན་ནའང་གོ་ཤེས་ཉན་ཤེས་བྱ་རྒྱུ་དང་། གནས་ཚུལ་གསལ་བཀྲོལ་བྱས་ནས་དཀའ་ངལ་སེལ་དགོས་རེད་མ་གཏོགས་སྐྱོན་བརྗོད་བྱེད་མཁན་ཡོད་པ་ཚང་མ་ལྷག་བསམ་མ་དག་པ་དང་། སྤྱི་པའི་ཐོག་ལ་འཁུར་མེད་པ་ལྟ་བུའི་དགོངས་པ་བཞེས་རྒྱུ་ཡོད་མ་རེད་བསམ་གྱི་ཡོད།

ངས་ད་ལྟ་དེ་འདྲ་གནང་གི་འདུག་ཅེས་ཞུ་གི་མེད།

གང་ལྟར་སྤྱི་པའི་སྒྲོམ་དེ་ཡག་པོ་དང་ཚགས་ཚུད་པོ་ཡོང་བར་གོང་འོག་ཚང་མའི་ནུས་པ་སྤུང་ནས་བྱེད་དགོས་པ་རེད་མ་གཏོགས། འགོ་ཁྲིད་གཅིག་པུས་ཞེ་པོ་གཅིག་གནང་ཐུབ་རྒྱུ་ཡོད་མ་རེད། མང་ཚོགས་ལ་ཡིན་ནའང་ལམ་སྟོན་དང་། གཅིག་འགྱུར་གྱི་ནུས་པ་དེ་ནི། གཙོ་བོ་དེ་མང་ཚོགས་ཀྱིས་བདམས་པའི་འགོ་ཁྲིད་དེར་མང་ཚོགས་ཀྱིས་ཡིད་ཆེས་བྱས་ནས་བདམས་པ་ཡིན་སྟབས་ཡིད་ཆེས་དེ་བརླག་མི་ཤོར་བ་དང་། ཡིད་ཆེས་དེ་ལ་བརྟེན་ནས་མང་ཚོགས་ལ་མར་འབོད་སྐུལ་ག་རེ་ཞུས་པ་ཡིན་ནའང་དེ་གསལ་ཤེས་ཐུབ་དགོས་པ་དང་། སོ་སོར་ཡང་གདེངས་ཚོད་ཡོད་པ་བྱ་རྒྱུ་གལ་ཆེན་པོ་རེད།

ཆིག་སྒྲིལ་མི་ཡོང་བའི་གནས་སྟངས་ཆེན་པོ་དེ་འདྲ་ངས་མཐོང་གི་མི་འདུག དཀའ་ངལ་ཕྲན་བུ་ད་ལྟ་ཡོད་པ་ནི་གཅིག་ནས་སྤྱི་ཚོགས་ཆུང་ཆུང་ཡིན་པ་དང་། མང་གཙོའི་ལྟ་གྲུབ་ལ་བྱང་ཆུབ་པའི་གོ་བ་ལོན་མ་ཐུབ་པར་བརྟེན་ནས་བྱུང་བ་རེད། ཕྲན་བུའི་གནས་ཚུལ་བྱུང་སྐབས་མཐོ་ཙམ་དམའ་ཙམ་བཤད་རེས་ཀྱི་གནས་སྟངས་ཡོང་གི་རེད། དེ་ཚོའི་ཐོག་ལ་བོད་མི་རང་ངོས་ནས་དངོས་གནས་ཀྱི་སྐྱོན་དང་ནོར་འཁྲུལ་ག་རེ་མཐོང་གི་ཡོད་པ་ཡིན་ནའང་དེ་ཞུ་ཐུབ་དགོས་པ་དང་། ཡོ་སྲོང་བྱེད་རྒྱུའི་འགན་ཡོད་པ་ལྟར་དེ་བྱེད་དགོས། ཡིན་ནའང་། རྒྱབ་ནས་ནུས་ཤུགས་གཞན་པ་དེ་འདྲ་བཏོན་ནས་བོད་མིའི་ཆིག་སྒྲིལ་གཏོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། དེ་ཚོའི་ཐོག་ལ་ཚང་མས་རིག་པ་དྭང་གསལ་དང་གཟབ་གཟབ་བྱེད་དགོས་པ་དཔེ་གལ་ཆེན་པོ་རེད་བསམ་གྱི་ཡོད།

གསར་འགོད་པ།
དེ་ནས་ངས་བཀའ་འདྲི་ཞུ་རྒྱུར། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཡིན་ན། ཐེག་པ་རིམ་འཛེགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་ཕྱག་ལས་རྒྱུན་རིང་པོ་གནང་བ་རེད། བྱས་ཙང་། མ་འོངས་པར་སྒྲིག་འཛུགས་ཀྱི་ཐོག་ནས་སྲི་ཞུ་ལས་བྱེད་རྣམ་པར་དགོངས་པ་བཞེས་དགོས་པ་ག་རེ་གཟིགས་ཀྱི་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ང་སྔོན་མ་སྲི་ཞུའི་ལས་བྱེད་པ་བྱས་ནས་བསྡད་པ་རེད། ཐོག་མའི་བསམ་བློ་གཏོང་སྟངས་ནི་བོད་སྤྱི་པའི་ལས་ཀ་བྱེད་རྒྱུ་བྱུང་ན་བསམ་ནས་ཞུགས་པ་དང་། དེ་ནས་རིམ་པས་འགན་འཁུར་དགོས་པའི་གནས་སྟངས་ཆགས་སྐབས་ལས་བྱེད་གསར་པ་ཚོར་དང་པོ་ཐུག་འཕྲད་དང་ངོ་སྤྲོད་བྱེད་སྐབས་བཤད་སྲོལ་གཅིག་ཡོད། ཁྱེད་རང་ཚོ་ལྟོ་གོས་ཀྱི་དོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་ལས་ཀ་བྱེད་པར་ཡོང་བ་ཡིན་ན་ཡོང་ས་ནོར་བ་རེད། དེ་མིན་པར་སོ་སོ་བོད་པ་ཡིན་པ་དང་། བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་རྒྱུ་དང་། འཐབ་རྩོད་ཀྱི་དོན་དུ་ལས་ཀ་བྱེད་པར་ཡོང་བ་ཡིན་ན་འགྲིག་པ་རེད། འདིར་ཆ་རྐྱེན་དང་མཐུན་རྐྱེན་བཟང་པོ་ཡོད་མ་རེད་དེ། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ལ་ད་ལྟ་ལྡང་ཙམ་ཡོད་པ་དེས་ཆོག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ངས་ཞུ་གི་ཡོད།

ད་ལྟ་དེ་འདྲ་བྱས་ནས་བལྟས་ཡོང་སྐབས་ང་ཚོ་མི་ཐོག་རྒན་པ་འདྲ་པོ་ཆགས་ཡོད། ༡༩༥༩ ཡི་མི་ཐོག་དེ་ཚོ་ཧ་ལམ་གཞུང་ཞབས་ཁོངས་ནས་རྒས་ཡོལ་ལ་ཕེབས་ཚར་པ་རེད། ང་ཚོ་རྒན་པའི་གྲས་ཆགས་ཡོད། ལོ་གཞོན་པ་ཡོང་མཁན་ནང་ལ་ངས་དོ་སྣང་བྱེད་སྐབས་ཧ་ལས་པའི་ཡག་པོ་འདུགགཅིག་ནས་སོ་སོའི་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དང་། སྤྱི་པའི་དོན་དུ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་རྒྱུའི་བསམ་བློའི་རྨང་གཞི་ཡག་པོ་ཡོད་པ། དེའི་སྒང་ལ་དེང་དུས་ཀྱི་མཐོང་རྒྱ་དང་། དེང་དུས་ཀྱི་ལག་རྩལ་ཡག་པོ་ཤེས་མཁན་ཡོད་པས་བཏང་ཆོག་ཆོག་འདྲ་པོ་ཡོང་གི་འདུག ཡིན་ནའང་། སོ་སོས་གང་སྦྱངས་པ་དེའི་ཐོག་ལ་བེད་སྤྱོད་གཏོང་མི་ཐུབ་པའི་དཀའ་ངལ་སྐབས་རེ་འཛིན་སྐྱོང་ནང་ལ་འཕྲད་ཀྱི་རེད།

ལས་བྱེད་ཚོ་སེམས་ཤུགས་ཀྱིས་མ་འདང་བ་དང་། ཤེས་ཡོན་གྱི་མ་འདང་བ་འདྲ་པོ་དེ་འདྲ་གང་ཡང་མཐོང་གི་མི་འདུག འོན་ཀྱང་དེ་ཚོའི་ཐོག་ལ་ཡང་ནས་ཡང་དུ་བསྐུལ་མ་དང་། ལམ་སྟོན་བྱེད་དགོས་པ་ཡོང་ཆོག་གི་རེད་པ། གལ་སྲིད་བསམ་བློ་ངོ་མ་གཏོང་དགོས་ན་མཐུན་རྐྱེན་ཐོག་ལ་གཏོང་དགོས་པ་ཡིན་ནའང་། དེ་ནི་གནས་སྟངས་ཅུང་དཀའ་ལས་ཁག་པོ་རེད། བསམ་ཤེས་ཐུབ་དགོས་པ་ལྟ་བུ་ཞིག་ཡོད་རེད། དེ་ལས་གཞན་པ་ལས་བྱེད་ཚོའི་ཐོག་ལ་བསམ་བློ་འཕར་མ་གཏོང་དགོས་པ་གང་ཡང་བྱུང་མ་སོང་།

གསར་འགོད་པ།
དེ་ནས་ཤེས་ཡོན་དང་འབྲེལ་བའི་དྲི་བ་གཅིག་བཀའ་འདྲི་ཞུ་གི་ཡིན། ཉེ་བའི་ཆར་རྒྱ་གར་དབུས་གཞུང་ནས་ཤེས་ཡོན་སྲིད་བྱུས་ཐོག་ལ་བསྒྱུར་བཅོས་ཤིག་གནང་ནས་གསར་པ་ཞིག་གཏན་འབེབ་གནང་ཡོད། དེའི་ཐོག་ནས་མ་འོངས་པར་ང་ཚོ་བོད་པའི་སློབ་གྲྭ་ཁག་ལ་བསྒྱུར་བཅོས་གནང་དགོས་པ་ཆགས་པ་ཡིན་ན། བསྒྱུར་བཅོས་གང་འདྲ་གནང་རྩིས་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
སྤྱིར་བཏང་ད་ལྟའི་ཆ་ལ་རྒྱ་གར་གཞུང་ནས་ཤེས་ཡོན་སྲིད་བྱུས་ཐོག་ལ་ལམ་སྟོན་གསར་པ་ཞིག་ཉེ་ཆར་གནང་སོང་། ངས་ཞིབ་ཚགས་པོ་བལྟ་རྒྱུ་མ་བྱུང་། ཡིན་ནའང་། ང་ཚོའི་ཤེས་ཡོན་སྲིད་བྱུས་འགོ་བཙུགས་ཞུས་ཏེ་ལོ་བཅུ་གྲངས་འགྲོ་གི་ཡོད་རེད། དང་པོ་དེའི་ཐོག་ལ་བལྟ་ཚུལ་མཐོང་ཚུལ་མང་པོ་ཡོད་རེད་དེ་གོམས་པ་རིམ་སྤོས་ཀྱིས་ཞིབ་ཚགས་པོ་བྱས་ཏེ་བལྟས་པ་ཡིན་ན་གྲུབ་འབྲས་ཡག་ཐག་ཆོད་ཐོན་ཡོད་རེད་བསམ་གྱི་འདུག དེ་འདྲའི་ཆ་ནས་དེང་དུས་ཀྱི་ཤེས་ཡོན་ཞེ་དྲགས་གི་གལ་ཆེན་པོ་རེད་དེ་ནང་བསམ་བློའི་གནས་བབ་ཐོག་ནས་སྟོང་ཆ་ཞིག་ལྷག་ཡོད་སྟབས། དེ་ཚོའི་ཐོག་ལ་རྒྱ་གར་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་ཙམ་དུ་མ་ཟད། ང་རང་ཚོའི་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་ནང་ནས་འཇིག་རྟེན་ཀུན་ཁྱབ་ཡ་རབས་བཟང་སྤྱོད་དགོས་པ་དང་། མི་ཚང་མར་བསམ་བློའི་བདེ་སྐྱིད་བསྐྲུན་ཐུབ་པ་ཞིག་དགོས།

གང་ལྟར་དཔལ་འབྱོར་ཡོད་པ་ཡིན་ནའང་རེད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་ནང་ལ་ཡང་མ་སྐྱིད་པ་དང་། དངངས་སྐྲག སྤྱི་ཚོགས་ནང་ལ་ཞི་བདེ་མེད་པའི་དཀའ་ངལ་ཤུགས་ཆེན་པོ་ཡོད་རེད། དེ་ཚོའི་ཐོག་ལ་བསམ་བློ་བཏང་པ་ཡིན་ན་བོད་པ་ཚོ་ལྷིང་འཇགས་པོ་དང་། བསམ་བློའི་བཞག་ས་ཡག་པོ་ཡོད་པ་དེ་ནི་ང་ཚོའི་མ་རྩ་ཆེན་པོ་ཞིག་རེད་བསམ་གྱི་འདུག ༧སྐྱབས་མགོན་རིན་པོ་ཆེའི་སྔ་རྗེས་ཀྱི་བཀའ་སློབ་དང་། དགོངས་གཞི་དེ་ཚོའི་ཐོག་ལ་ང་ཚོས་ཚང་མས་སྙོབ་ཐུབ་ཀྱི་ཡོད་མ་རེད། ཞབས་ཕྱི་ཡིན་ནའང་རྔོ་ཐོགས་པ་ཞིག་ཞུ་ཐུབ་ཀྱི་ཡོད་མ་རེད། སོ་སོ་ཡིན་ནའང་སྒྲིག་འཛུགས་དེའི་ནང་ལ་ལས་ཀ་བྱས་མྱོང་པ་ཡིན་སྟབས། ཨ་ཁ་དེ་འདྲ་ཞིག་ཞུ་ཐུབ་མ་སོང་བསམ་པ་དང་། དེ་འདྲ་ཞིག་བྱེད་རྒྱུ་འདུག་བསམ་པ་དེ་འདྲ་ཡང་སེ་ཡོང་གི་འདུག ངས་དེ་དག་ཚང་མ་སྒྲུབ་ཐུབ་པ་ཞིག་ཡོང་གི་རེད་ཅེས་ཞུ་གི་མེད། འབད་བརྩོན་བྱས་ནས་དེ་དག་གི་ཐོག་ལ་ཤུགས་རྒྱག་རྒྱུ་དམིགས་བསལ་གལ་ཆེན་པོ་རེད། དེ་དག་བསྒྲུབ་རྒྱུར་ང་ཚོར་ཆ་རྐྱེན་དང་། མཐུན་རྐྱེན་མེད་པ་མ་རེད། དཔེར་ན། ནང་དོན་རིག་པའི་བསམ་བློ་གཏོང་སྟངས་རེད། དེ་ཚོའི་ཐོག་ལ་སོ་སོར་ཡོན་ཏན་ཡོད་པ་དེ་འཁྱེར་ནས་མི་ལ་ཞབས་འདེགས་ཞུ་ཐུབ་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་ཐོག་ལ་ཡིན་ནའང་འགྲོ་རྒྱུགས་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད།

ད་ལྟ་ང་ཚོ་བཙན་བྱོལ་བོད་མི་ཚོར་ཤེས་ཡོན་གྱི་གནས་བབ་དེ་སྤྱི་ཡོངས་ནས་ཡིག་རྨོངས་བསལ་བའི་ཤེས་ཡོན་གོ་སྐབས་ཡག་པོ་རགས་ཡོད་རེད།ཡིན་ནའང་། དེང་དུས་ཀྱི་ཤེས་ཡོན་ཐོག་ནས་རིགས་གཅིག་རྐང་འཛིན་ཐོག་ལ་ཤུགས་བརྒྱབ་རྒྱུ་དང་རིགས་པ་སྒྲིམ་དགོས། ང་ཚོར་རིགས་གཅིག་རྐང་འཛིན་དང་ཁྱད་ལས་མང་པོ་དགོས་ཀྱི་ཡོད། དེ་དང་ཆབས་གཅིག་ལ་གནའ་བོའི་རིག་གཞུང་ཟུང་འབྲེལ་བྱས་ནས་འགྲོ་དགོས་པ་དཔེ་གལ་ཆེན་པོ་རེད་བསམ་གྱི་ཡོད།་་གནའ་བོའི་རིག་གཞུང་དེ་ཡ་མེད་བཏང་ནས་བོར་བརླག་དང་། སྣང་མེད་དུ་ལུས་པ་ཡིན་ན། མི་རབས་ཁ་ཤས་ཕྱིན་པའི་རྗེས་སུ་ཚུར་ཕྱིར་མིག་བལྟ་སྐབས་ཨ་ཁ་ཟེར་དགོས་པ་བྱུང་ན་དཀའ་ལས་ཁག་པོ་ཞེ་དྲགས་ཆགས་ཚར་པ་རེད། དེ་དུས་ང་ཚོས་མི་གཞན་ནས་ཚུར་སྦྱོང་དགོས་པའི་གནས་སྟངས་ཆགས་པ་ཡིན་ན་ཁ་སྐྱེངས་པོ་དང་ངོ་ཚ་པོ་རེད། ད་ལྟ་ང་ཚོར་ནུས་པ་དང་ཆ་རྐྱེན་ཡོད་རེད། དཔེར་ན་ཆོས་སྒར་ཁག་དང་གདན་ས་ཁག་གི་སློབ་གཉེར་ཁང་དེ་ཚོ་གང་འདྲའི་ཡག་པོ་ཡོད་རེད། ཡིན་ནའང་ང་ཚོའི་གཞོན་སྐྱེས་དེང་དུས་ཀྱི་མཐོ་རིམ་སློབ་གྲྭ་སྒྲིམ་མཁན་ཁྲོད་ད་ཆ་གཞི་ནས་དེའི་བྲོ་བ་རྙེད་དེ་དོ་སྣང་བྱེད་ནས་ཚུར་ཡོང་མཁན་ཁ་ཤས་འདུག ཆ་ཚང་ཡོང་ཐུབ་ཀྱི་མ་རེད། ཡིན་ནའང་དེ་ཚོའི་ཐོག་ལ་ལས་འཆར་མཉམ་རུབ་བྱས་ནས་སྤེལ་རྒྱུ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

གསར་འགོད་པ།
ཤེས་ཡོན་སྲིད་བྱུས་གཏན་འབེབ་གནང་ནས་ལོ་གང་ཙམ་འགྲོ་གི་ཡོད་རེད། ད་ལྟ་བར་དུ་དེའི་ཐོག་ལ་མ་འདང་བ་འདྲ་པོ་གཟིགས་ཀྱི་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
མ་འདང་བའི་ཆ་ཁ་ཤས་ངེས་པར་དུ་ཡོང་ཆོག་གི་རེད། ཡོང་སྲིད་པ་རེད། བསམ་བློའི་ནང་ལ་ཡོད་པ་ཚང་མ་བསྒྲུབ་རྒྱུར་མཐུན་རྐྱེན་གྱིས་མ་འདང་བ་དང་། ང་ཚོའི་གནས་ཚུལ་མང་པོ་ཞིག་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་གནས་སྟངས་ཀྱང་ཡོད་རེད། དེ་འདྲ་ཡིན་དུས། ངས་དམིགས་སུ་བཀར་ནས་འདིའི་ཐོག་ལ་འཐུས་ཤོར་གྱི་འདུག་ཅེས་ཞུ་དགོས་པ་ཆགས་ཀྱི་འདུག་བསམ་གྱི་མི་འདུག དེ་ཚོའི་ཐོག་ལ་ཤེས་ཡོན་སྲིད་བྱུས་རང་ལ་སློབ་སྦྱོང་བྱས་པ་དང་། དེའི་ཐོག་ལ་ལས་ཀ་བྱས་ནས་ཉམས་མྱོང་བསགས་ནས་འགྲེལ་བཤད་མཐར་ཕྱིན་པ་རྒྱབ་ཐུབ་མཁན་ང་ཚོའི་སྤྱི་ཚོགས་ནང་ལ་ཡག་པོ་དེ་འདྲ་འདུག མི་ཁ་ཤས་ཀྱིས་གཏམ་བཤད་བྱས་པ་དེ་འདྲ་ཉན་རྒྱུ་བྱུང་། དངོས་གནས་དེ་དག་བེད་སྤྱོད་ཏག་ཏག་འགྲོ་ཐུབ་རྒྱུར་ནུས་པ་འདོན་དགོས་པ་དེ་འདྲ་ཏན་ཏན་ཡོད་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་འཐུས་ཤོར་ག་པར་ཕྱིན་མིན་དེ་ནི་འགོ་ཁྲིད་གཅིག་པུས་མར་བལྟ་རྒྱུ་མིན་པར་མང་ཚོགས་ནས་ཕྱར་བ་གྲུ་འདེགས་བྱ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག

གསར་འགོད་པ།
ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་སློབ་གྲྭ་དང་འབྲེལ་བའི་དགོངས་ཚུལ་ཆེ་གྲས་གཅིག་ནི་། སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ནས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དགོས་ཀྱི་འདུག་ཅེས་པ་འདིའི་ཐོག་ངོས་བཞེས་ག་ཚོད་གནང་གི་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
དངོས་ཡོད་གནས་སྟངས་ལ་གཞིགས་ནས་ང་རང་ཚོར་དགོས་མཁོ་ག་རེ་འདུག ང་ཚོའི་མི་འབོར་ཡང་ཉུང་དུ་འགྲོ་གི་ཡོད། ཕྱིས་སུ་བོད་ནས་ཡོང་མཁན་ཞེ་དྲགས་ཉུང་དུ་ཕྱིན་པ་ཡིན་དུས། སློབ་གྲྭ་ཁག་དང་གདན་ས་ཁག་གི་ནང་དུའང་མི་འབོར་ཉུང་དུ་འགྲོ་གི་ཡོད། དེ་འདྲའི་ཐོག་ནས་གལ་སྲིད་སློབ་གྲྭ་གཅིག་གཉིས་ཟླ་སྒྲིལ་བཏང་པ་ཡིན་ན། སློབ་གྲྭའི་ཆགས་བབ་དང་། རྒྱབ་ལྗོངས། དེ་བཞིན་སློབ་སྦྱོང་བྱེད་མཁན་གྱི་ཁོར་ཡུག་བཅས་གནས་བབ་མང་པོ་ཞིག་ལ་བསམ་བློ་བཏང་ནས་བཅོས་སྒྲིག་བྱེད་དགོས་པའི་གནས་ཚུལ་ཏན་ཏན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགོད་པ།
དེ་ནས་ངས་གཞིས་ཆགས་ཁག་དང་འབྲེལ་བའི་ཐོག་ནས་བཀའ་འདྲི་ཞུ་རྒྱུ་ཡིན། གཞིས་ཆགས་ཁག་ནས་བོད་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་ཕེབས་ནས་བཞུགས་མཁན་མི་འདུག་ཅེས་གསུང་མཁན་མང་པོ་ཡོད་རེད། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་རྒྱ་གར་ནང་དང་། ཕྱི་རྒྱལ་ཁག་ལ་འགྲོ་གི་ཡོད་པ་དེ་ཚོའི་ཐོག་ལ་མ་འོངས་པར་དགོངས་པ་ག་རེ་བཞེས་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
གཞི་རྩའི་ཆ་ནས་ཁྱེད་རང་གིས་གསུངས་པ་དེ་བདེན་པ་རེད། བར་ལམ་ཕྱི་ལ་འགྲོ་མཁན་གང་ཙམ་མང་པོ་ཡོད་རེད། རྒྱ་གར་ནང་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ལ་ཕྱིན་ནས་ལས་ཀའི་ཆ་ནས་སླེབས་བསྡད་མཁན་ཡང་མང་པོ་ཡོད་རེད། ཡིན་ནའང་། ང་ཚོའི་གཞིས་ཆགས་སྲ་བརྟན་དང་། རྒྱུན་འཁྱོང་། ཕུགས་འཕེར་ཡོང་དགོས་པ་ནི་ང་ཚོའི་འཚོ་ཐབས་གཅིག་པུའི་ཆེད་དུ་ཁྱོན་ནས་མ་རེད་བསམ་གྱི་འདུག དེ་ནི་ང་ཚོའི་མི་རིགས་ཀྱི་རྩ་བ་འཛིན་ས་གཅིག་དང་། མི་རིགས་བསྲེས་ལྷད་མ་ཤོར་པ། ང་ཚོར་གཞིས་ཆགས་ཡོད་པའི་བཀའ་དྲིན་གྱིས་ད་ལྟའི་མི་ཐོག་ཡོང་བཞིན་པ་དེ་དག་བོད་པའི་བསམ་ཤེས་དང་དྲི་མ་མ་ཡལ་པ་གཅིག་དགོས་ཀྱི་ཡོད་པ་ཡིན་དུས་གཞིས་ཆགས་ནི་དཔེ་གལ་ཆེན་པོ་རེད།

གཞིས་ཆགས་སྲ་བརྟན་གྱི་སྐད་ཆ་མང་པོ་ཡོད་རེད། ཡིན་ནའང་ང་ཚོས་ལྟག་ལོག་རྒྱབ་ནས་ཞིང་ལས་ཐོག་ལ་བརྒྱ་ཆ་བརྒྱ་ནུས་པ་བཏོན་ནས་བྱེད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་། དགའ་འོས་པ་ཞིག་ལ་བར་ལམ་ཞིག་ནས་ལོ་གཞོན་པ་མང་པོ་ཞིག་གིས་དེང་དུས་ཀྱི་འཕྲུལ་ཆས་དང་། དེང་དུས་ཀྱི་རིག་གསར་ལ་བརྟེན་ནས་གཞིས་ཆགས་ནང་ལ་ཐོན་བསྐྱེད་གསར་པ་དང་། ཞིང་ལས་ཡིན་ནའང་བྱེད་སྟངས་མི་འདྲ་བ་གསར་པ་བྱས་ཏེ་ཡག་ཐག་ཆོད་བྱེད་མཁན་ཁག་ཅིག་འདུག དེ་དག་ནི་དཔེ་མཚོན་ཙམ་ཞིག་རེད་བསམ་གྱི་འདུག དེ་འདྲ་བྱེད་མཁན་མང་དུ་ཕྱིན་པ་ཡིན་ན་གཞུང་ནས་མཐུན་རྐྱེན་རྒྱབ་སྐྱོར་ག་རེ་བྱེད་ཐུབ་པ་དེ་བྱེད་རྒྱུ་གལ་ཆེན་པོ་རེད།

ང་རང་གི་རེ་བ་འདི་འདྲ་ཞིག་ཀྱང་བྱེད་ཀྱི་ཡོད། དེ་གཞན་ལ་བཤད་རྒྱུ་ཡང་བྱུང་། མི་གང་ཙམ་ཕྱི་ལ་ཕྱིན་ཡོད་ནའང་། དེ་ཚོའི་ཕྲུ་གུ་ཚོ་ཚུར་རྒྱ་གར་ནང་ལ་ལོག་ནས་གཏན་དུ་བསྡད་མ་ཐུབ་ཀྱང་། དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ནས་འདི་ཁུལ་ལ་ཡོང་རྒྱུའི་དར་གསོ་ཞིག་ཆགས་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད་བསམ་གྱི་འདུག ང་རང་གི་རེ་བ་ལ་དེ་ལས་ལོ་ཆུང་ཙམ་ནས། མ་མཐའ་ཡིན་ནའང་ལོ་ལྔ་དྲུག་ནས་ཕྱི་རྒྱལ་གྱི་ High school level བར་རྒྱ་གར་ནང་ལ་བསྡད། སོ་སོའི་སྤོ་བོ་རྨོ་མོ་ཡིན་ནའང་འདྲ། ཡང་ན་སློབ་གྲྭ ཡང་ན་སོ་སོའི་ཁྱིམ་ཚང་གི་ངོ་ཤེས་ཀྱི་ནང་ལ་བསྡད་པ་ཡིན་ནའང་འགྲིག་གི་རེད། དེ་ལ་བརྟེན་ནས་ཕྲུ་གུ་ཆུང་ཆུང་ཚོར་བོད་པའི་གོམས་གཤིས་དང་བསམ་བློ་གཏོང་ཕྱོགས་ལ་རང་ཉིད་བོད་པ་ཡིན་པ་རྒྱུད་ལ་འཇགས་ཐུབ་པ་དང་། སྐད་དང་ཡི་གེ་ལ་ཡང་ཕྲན་བུའི་དོ་སྣང་སླེབས་ནས་ཕར་ཕྱིན་ནའང་ལམ་སེང་བརྗེད་མ་ཕྱིན་པར་སོ་སོའི་ངོས་ནས་མུ་མཐུད་ནས་ཤུགས་རྒྱག་ཐུབ་ན་བསམ་པ་དེ་འདྲ་ང་རང་གི་ངོས་ནས་རེ་བ་བརྒྱབ་ཀྱི་ཡོད། ཡིན་ནའང་། ག་ཚོད་ཙམ་ཚུར་སླེབས་ཐུབ་ཀྱི་རེད་དམ་ཟེར་ན་དེ་ནི་ད་ལྟ་ཚོད་མ་ཐིག་པའི་གནས་ཚུལ་རེད།

ཕྱི་རྒྱལ་ཡུལ་ཁག་ལ་ང་རང་ཚོ་བོད་རིགས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་གང་སར་ཡོད་རེད། ཚགས་ཚུད་པོ་ཡོད་པ་ཙམ་མ་ཟད། གཟའ་མཇུག་སློབ་གྲྭ་ཡོད་པ་དང་དེ་ཚོའི་ནང་ལ་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུའི་གོ་སྐབས་ཡག་ཐག་ཆོད་ཡོད་རེད། གལ་སྲིད་ཕྱི་རྒྱལ་ནས་རྒྱ་གར་ལ་གཏོང་ཐུབ་ཀྱི་མེད་པའི་དབང་དུ་བཏང་པ་ཡིན་ནའང་། ཕྱི་རྒྱལ་ནང་རང་དུ་ཤུགས་ག་རེ་རྒྱག་ཐུབ་པ་འདུག ཁྱེད་རང་གིས་ད་ལྟ་གསུངས་སོང་། ཕྱི་ལ་མང་པོ་ཡོད་པའི་ཆ་ནས་ཕྱི་ལ་ཡོད་པའི་བོད་པ་ཚོ་དང་དོན་གཅོད་ཁག་སོ་སོའི་དབར་ལ་འབྲེལ་ལམ་དམ་གཟབ་ཡོད་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་འདྲ་ཡིན་དུས་དོན་གཅོད་ཚོའི་ལས་ཀའི་ཐོག་ལ་ཕྲན་བུའི་བཅོས་བསྒྱུར་དང་གསར་གཏོད་འདྲ་བྱས་ནས་བོད་མི་རང་གི་ཐོག་ལ་འབྲེལ་མཐུད་པ་བསྐོ་རྒྱུ་སོགས་ཀྱི་གནས་སྟངས་ཆགས་སྲིད་ཀྱི་རེད་བསམ་གྱི་འདུག

དེ་འདྲ་སོང་ཙང་། འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཀྱི་གཞི་རྐང་ཚུགས་ས་འདྲ་པོ་གཞིས་ཆགས་ཁག་དང་བོད་མིའི་སྒྲིག་འཛུགས་རེད་བསམ་གྱི་འདུག གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པ་དགོས་པ་ནི་དཔེ་གལ་ཆེན་པོ་རེད། དེ་དག་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་ལས་འཆར་མང་པོའི་ཐོག་ནས་བསམ་བློ་བཏང་ནས་གནང་གི་ཡོད་རེད། དེ་འདྲ་ཡིན་དུས་གཞིས་ཆགས་སོ་སོའི་ནང་ལ་ལས་ཀ་བྱེད་མཁན་གཞིས་ཆགས་དེའི་ནང་གི་མི་རྒྱུས་ཡོད་པ་དེ་འདྲ་བྱུང་ན། བཅའ་ཁྲིམས་ནང་ལ་མཐུན་རྐྱེན་ཡོད་པ་བཞིན་འོས་བསྡུའི་ལམ་ནས་སོ་སོའི་འགོ་ཁྲིད་སོ་སོས་འདེམས་རྒྱུ་དེ་གཅིག་ནས་མང་གཙོའི་འགྲོ་ལུགས་ཀྱི་ཆ་ནས་སྦྱོང་བརྡར་ཞིག་ཡོང་གི་རེད། དེ་བཞིན་གཞིས་ཆགས་ནང་ལ་གནད་འགག་དང་། ཆུང་ས་ནས་གནས་ཚུལ་གང་དང་གང་ཡོང་གི་འདུག དཔེར་ན། ང་ཚོའི་གཞིས་ཆགས་ཁག་ནང་སློབ་གྲྭ་ཟླ་སྒྲིལ་བཏང་བ་དང་རྩིས་ལེན་བྱེད་པའི་སྐབས་ཀྱི་གནས་ཚུལ་ལ་བལྟས་ན། དེ་སྔ་གཞིས་ཆགས་སོ་སོའི་ནང་ལ་ཕྲུ་གུ་ཆུང་ཆུང་ཚོ་འཇོག་ས་བུ་གཅོལ་ཁང་ཡོད་རེད། འོན་ཀྱང་བར་སྐབས་ཕྲུ་གུ་ཆུང་ཆུང་འཇོག་ས་མེད་པའི་དཀའ་ངལ་ཆེན་པོ་ཡོད་རེད། དེ་དག་ཚང་མའི་ཐོག་ལ་བསམ་གཞིགས་བྱེད་རྒྱུ་ཏན་ཏན་གནད་འགག་ཡོད་རེད་བསམ་གྱི་འདུག

གསར་འགོད་པ།
གཞོན་སྐྱེས་ཀྱི་ཐོག་ལ་མ་འོངས་པར་འཆར་གཞི་འདྲ་པོ་ག་རེ་བཟོ་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
གཞོན་སྐྱེས་མང་ཆེ་བ་ཤེས་ཡོན་ཡོད་པ་དང་། དེ་མིན་ལག་རྩལ་ཡོད་པ། ཁྱད་ལས་སློབ་སྦྱོང་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་མིའི་སྒྲིག་འཛུགས་ལ་ཚུར་ནུས་པ་སྤུངས་ནས་མཉམ་ཞུགས་བྱེད་རྒྱུ་དེ་ད་ལྟ་ཡག་པོ་ཞེ་དྲགས་འདུག་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞོན་སྐྱེས་ཚོར་མཐུན་རྐྱེན་མང་པོ་ཞིག་བསྐྲུན་རྒྱུ་ཡོང་མིན་གང་ལྟར་ཀྱང་། གཞོན་སྐྱེས་ཚོའི་ནུས་པ་འདི་བོད་སྤྱི་པའི་རྩ་དོན་ཐོག་ལ་སྤུང་ཐུབ་དགོས། བསམ་བློ་ག་རེ་གཏོང་མིན་དང་། ལངས་ཕྱོགས་ག་རེ་ཟིན་མིན་ལ་མ་ལྟོས་པར་སོ་སོ་བོད་པ་ཡིན་བསམ་པའི་ཞེན་ཁོག་དགོས་པ་གལ་ཆེན་པོ་རེད། སྐྲ་སེར་པོ་སོགས་འདྲ་མིན་བཟོ་ནའང་ཁོ་ཚོའི་སེམས་ཀྱི་གཏིང་ལ་བོད་པའི་ཞེན་ཁོག་དང་མི་རིགས་ཀྱི་ལྟ་བ་ཞེ་དྲགས་ཡག་པོ་འདུག ངས་དེ་ནི་དཔེ་རྩ་ཆེན་པོ་རེད་བསམ་གྱི་འདུག

དེ་འདྲ་སོང་ཙང་། ལོ་གཞོན་གཞོན་ཚོ་ངེས་པར་དུ་འཐབ་རྩོད་ནང་ལ་མཉམ་ཁྲིད་བྱེད་རྒྱུ་ཨང་ཀི་དང་པོ་རེད། ཕར་མཐུན་རྐྱེན་བསྐྲུན་མིན་ལ་མ་ལྟོས་པར། མང་ཆེ་བ་གཞུང་ལ་བརྟེན་ནས་སྡོད་མི་དགོས་པར་རང་རྐྱ་འཕེར་བ་ཡོད་རེད། སོ་སོ་རང་ཉིད་ལ་ལས་ཀ་ཡག་པོ་ཡོད་པ་ཙམ་མིན་པར་། ང་རང་ཚོ་བོད་པ་གཞན་ལ་ཡང་ལས་ཀ་མང་པོ་བསྐྲུན་ཐུབ་པའི་གནས་སྟངས་མང་པོ་ང་ཚོའི་སྤྱི་ཚོགས་ནང་ལ་མཐོང་རྒྱུ་འདུག གཞོན་སྐྱེས་ཚང་མས་སོ་སོའི་འགན་འཁུར་ནས་སྒྲིག་འཛུགས་ཐོག་ལ་ནུས་པ་སྤུངས་རྒྱུ་ཡིན་ནའང་རེད། རྩ་དོན་ཐོག་ལ་ཁོ་ཚོས་ལས་འགུལ་སྤེལ་བ་དེ་དག་མི་འདྲ་བ་ཞིག་ཡོང་ཐུབ་རྒྱུའི་གནས་སྟངས་མཐོང་རྒྱུ་འདུག ཁོ་ཚོར་སྐད་ཡིག་གི་དཀའ་ངལ་མེད་པ་དང་། དེང་དུས་དུས་འཕྲུལ་ཆས་ལག་རྩལ་གྱི་དཀའ་ངལ་མེད་པ་རེད། བྱས་ཙང་། ངས་གཞོན་སྐྱེས་ཚོ་མཉམ་ཁྲིད་བྱེད་ཐུབ་དགོས་པ་དང་། མཉམ་རུབ་ཐོག་ནས་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲའི་ཐོག་ནས་བསམ་ཤེས་ཡོད་དགོས་པ་གལ་ཆེན་པོ་རེད།

གསར་འགོད་པ།
འཕྲོད་བསྟེན་དང་འབྲེལ་བའི་ཐོག་ལ་དེ་སྔ་དངོས་སུ་སྲིད་སྐྱོང་འོས་གཞིའི་ནང་ཐོན་ཡོད་པ་རྣམ་པ་ཁག་ཅིག་ལ་བཅའ་འདྲི་ཞུས་པའི་སྐབས་སུ། མ་འོངས་པར་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་བོད་མི་ཚང་མར་རིན་མེད་ཐོག་ནས་སྐུ་གཟུགས་བརྟག་དཔྱད་ཀྱི་མཐུན་རྐྱེན་བསྐྲུན་གྱི་ཡིན་གསུང་གི་འདུག འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པར་དངོས་གཞིའི་འོས་མིའི་ཁོངས་སུ་ཚུད་ནས་སྲིད་སྐྱོང་ཆགས་པ་ཡིན་ན། འཕྲོད་བསྟེན་གྱི་ཐོག་ལ་ག་རེ་གནང་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཡིན་པའི་ཆ་ནས་འཕྲོད་བསྟེན་ཡག་པོ་དགོས་པ་དང་། གཟུགས་པོ་ཐང་ཐང་ཡོད་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད། བྱས་ཙང་། ང་རང་གི་བསམ་བློའི་ནང་ནམ་རྒྱུན་ནས་ཡོད་པ་དེ་ནི་སྨན་བཅོས་བྱེད་རྒྱུ་གལ་ཆེན་པོ་རེད། དེང་དུས་ཀྱི་འཕྲུལ་ཆས་དང་ཆ་རྐྱེན་དཔེ་ཡག་པོ་ཡོད། ཡིན་ནའང་དེ་ལས་གལ་ཆེ་བ་ནི་སྔོན་འགོག་བྱ་རྒྱུ་དེ་རེད། ང་ཚོ་བོད་པའི་བསམ་བློ་གཏོང་སྟངས་ནང་དང་དམིགས་བསལ་ལོ་རྒན་པའི་ཁྲོད་དུ་ན་གི་ནི་མི་འདུག སྨན་ཁང་ལ་འགྲོ་ནས་ག་རེ་བྱེད་དགོས་རེད་དམ་ཟེར་པ་ཞིག་ཡོད་རེད། དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་བཞིན་ལོ་གཞོན་པ་མང་པོ་ཞིག་ལ་སོ་སོའི་ལས་ཀ་སོགས་དུས་ཚོད་ཀྱི་དབང་གིས་དུས་ཐོག་ལ་བརྟག་དཔྱད་བྱེད་མ་ཐུབ་པའི་གནས་སྟངས་ཡོང་གི་རེད། ལོ་རེར་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་རེད། དེའི་འགྲོ་སོང་ཚང་མ་སྒྲིག་འཛུགས་ཀྱིས་ནར་གཏོང་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་ཡོད་དམ་མེད་དེ་ངས་ད་ལྟ་གསལ་པོ་ཞིག་ཞུ་ཐུབ་ཀྱི་མི་འདུག

ལྷག་པར་དུ་ད་ལོའི་ནད་ཡམས་ལ་བལྟས་པ་ཡིན་ན་མ་འོངས་པའི་ལོ་ཁ་ཤས་རིང་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་པོ་འཕྲད་རྒྱུ་ཡིན་པ་མཐོང་གི་འདུག དེ་འདྲ་ཡིན་དུས་ད་ལྟ་འཕྲོད་བསྟེན་དང་ཤེས་ཡོན། སྤྱི་ཚོགས་ཀྱི་ཚན་པ་ཁག་གི་ནང་ལ་རོགས་སྐྱོར་ཡོང་གི་ཡོད་པ་དེ་ཚོ་མུ་མཐུད་ནས་ཡོང་ཐུབ་ཀྱི་ཡོད་དམ་བསམ་པ་ད་ལྟ་ནས་བསམ་བློའི་ནང་ལ་འཆར་གྱི་འདུག དེ་འདྲ་ཡིན་དུས་འཕྲོད་བསྟེན་ཐོག་ལ་སྔོན་འགོག་བྱ་རྒྱུ་དཔེ་གལ་ཆེན་པོ་རེད། སྔོན་འགོག་ཡག་པོ་གཅིག་ནི་བོད་མི་རིགས་ཀྱི་རིག་གཞུང་ཟེར་དགོས་རེད་པ། གསོ་བ་རིག་པའི་གཞུང་གིས་བཅོས་ཐབས་དེ་དག་ནི་ནད་གཞན་ལ་མི་གནོད་པ་སོགས་ཧ་ལས་པའི་ཡག་པོ་རེད་འདུག

ང་ཚོའི་བོད་སྨན་དང་གསོ་བ་རིག་པའི་ལམ་ལུགས་དེ་ད་ལྟ་ལས་ལྷག་ཙམ་ཞིག་དར་སྤེལ་གཏོང་རྒྱུ་དང་ནུས་ཤུགས་འདོན་ནས་ཚང་མར་ཁྱབ་ཐུབ་པ་ཞིག་བྱུང་ན། དེའི་ཐོག་ནས་ཕྱིའི་འཕྲོད་བསྟེན་ཙམ་མིན་པར་། ནང་བསམ་བློ་གཏོང་ཕྱོགས་དང་། སེམས་ཁམས་རིག་པའི་ཐོག་ལ་ཡང་དེའི་ཐོག་ནས་ཞབས་འདེགས་ཞུ་རྒྱུ་མང་པོ་ཡོད་པ་ཡིན་དུས། དེ་དག་ཚང་མ་ངའི་བསམ་པར་ནད་རིགས་སྔོན་འགོག་གི་ནང་ལ་འགྲོ་གི་རེད་བསམ་གྱི་འདུག དེར་བརྟེན་ཟུང་འབྲེལ་བྱས་ནས་བྱ་རྒྱུ་གལ་ཆེན་པོ་རེད་ལ། དམིགས་བསལ་གསོ་བ་རིག་པའི་ཐོག་ནས་སྨན་རྩིས་ཁང་ལ་མཚོན་ན་ཡན་ལག་མང་པོ་ཡོད་རེད། ད་དུང་ད་ལྟ་ལས་ལྷག་ཙམ་འཛམ་བུ་གླིང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་རེད་བསམ་གྱི་འདུག བྱས་ཙང་དེ་ཚོའི་ཐོག་ལ་ཏན་ཏན་ཤུགས་རྒྱབ་རྒྱུ་ཡོད་རེད་བསམ་གྱི་ཡོད།

གསར་འགོད་པ།
འབྲོང་ཆུང་དངོས་གྲུབ་ལགས་ཡིན་ན་དེ་སྔ་བདེ་སྲུང་ལས་ཁུངས་ནང་ལ་རྒྱུན་རིང་པོ་ཕྱག་ལས་གནང་བ་དང་། ཕྱིས་སུ་བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས་པ་རེད། བར་སྐབས་ཤིག་ནས་རྒྱ་གར་དང་ཨ་རི་ཁུལ་ལ་རྒྱ་ནག་གི་སོ་མྱུལ་འཛིན་བཟུང་བྱས་པའི་གནད་དོན་བྱུང་ཡོད། དེང་སྐབས་སྤྱི་ཚོགས་དྲྭ་ལམ་ཁག་ནང་ངོ་གདོང་ངོ་མ་མེད་པ་དང་། མིང་རྫུན་བཟོ་བྱས་ནས་བོད་སྤྱིའི་རྩ་དོན་གྱི་གནད་དོན་རེད། དེ་བཞིན་འཐབ་རྩོད་སྤྱི་ལ་གནོད་པའི་ལས་འགུལ་སྤེལ་མཁན་མང་པོ་ཐོན་གྱི་ཡོད། དེ་དག་གི་ཐོག་ལ་མ་འོངས་པར་གདོང་ལེན་གང་འདྲ་གནང་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
རེད། བར་ལམ་སྤྱི་ཚོགས་ནང་ཁ་ཤས་ཐོན་སོང་ང་། བར་ལམ་སུ་ཝེ་ཌན་ལ་ཐོན་པ་རེད། ཨ་རི་ལའང་ཐོན་པ་རེད། རྒྱ་གར་ལའང་དེ་སྔ་ནས་ཁ་ཤས་བྱུང་ཡོད་རེད། དེ་འདྲ་རེ་ཟུང་ཡོང་གི་རེད། ཡིན་ནའང་དེ་ཚོ་ཚང་མའི་ལས་ཀ་ཡིན་ནའང་མཐོང་ཆོག་ཆོག་དང་། སྟབས་བདེ་པོ་ཡོད་མ་རེད། སྙུགས་བསྲིངས་ནས་དེ་ཚོའི་ཐོག་ལ་དཀའ་ལས་མང་པོ་བརྒྱབ་དགོས་ཀྱི་ཡོད་རེད། ཁྲིམས་དང་འཕེར་བ་ཞིག་དགོས་ཀྱི་ཡོད་རེད། ཁུངས་འཁྱོལ་བ་གཅིག་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་། དེ་ཚོའི་ཐོག་ལ་སོ་སོ་ཡིན་ན། ལས་རྒྱུས་ཡོད། ལྟོ་རྒྱུས་ཡོད། ཟེར་པ་འདྲ་པོ་རེད། གང་ཐུབ་པ་དེ་ཞུ་རྒྱུ་ཡིན་དང་ཡིན།

ཡིན་ནའང་། ངས་གོང་དུ་ཞུས་པ་བཞིན་ང་ཚོ་བོད་མི་ཚང་མའི་བསམ་བློའི་རྨང་གཞི་དེ་ངས་གོང་དུ་ཞུས་ཟིན་པ་ལྟར་མངོན་པར་བསྟོད་ཀྱི་ཡོད། དཔེ་མཚོན་ཆུང་ཆུང་ཞིག་ཞུས་པ་ཡིན་ན། དེ་སྔ་རྒྱ་མིའི་བཙོན་ཁང་ནང་ལ་ལོ་ཉི་ཤུ་རྩ་གྲངས་བསྡད་པའི་མི་གཅིག་ཕྱིས་སུ་རྒྱ་གར་ལ་སླེབས་པ་རེད། ད་ལྟ་བཞུགས་ཡོད་མ་རེད། མི་དེ་ལ་ཁོ་རང་གི་ས་ཁུལ་དེའི་གསང་བའི་ལས་ཁུངས་ཀྱི་ཚན་པས་འབྲེལ་བ་བྱས་ཏེ། ་ཁྱེད་རང་ཕར་ལོག་ཕེབས་ཤོག ད་བོད་ནང་ལ་སྔོན་མ་དང་འདྲ་ཡི་མེད། མཐུན་རྐྱེན་ཡོད། དཔལ་འབྱོར་ཡོད། ཁྱེད་རང་དེ་སྔ་སྡུག་པོ་མྱངས་པ་རེད། འོན་ཀྱང་ཕར་ལོག་ཡོང་བ་ཡིན་ན་གོ་གནས་སྤྲོད་ཀྱི་ཡིན་ཟེར་པ་སོགས་ཀྱི་འབྲེལ་བ་དེ་འདྲ་བྱེད་ཡོང་གི་འདུག དེ་ཚོ་ཕྱོགས་གཅིག་ནས་བལྟས་ན་ལྐུགས་པ་ཞེ་པོ་རེད། ཚོད་མ་ཐིགས་པ་དེ་འདྲ་རེད་པ། སུས་བསམ་བློ་བཏང་བ་ཡིན་ནའང་མི་ཚེ་རྒྱ་མིའི་བཙོན་ཁང་ནང་ལ་བསྡད་པ་ཞིག་གིས་ཤི་ཁར་དུག་སུ་ཡིན་ནའང་བཟའ་ཡི་མ་རེད་པ། ཁོང་ཚོར་འབྲེལ་བ་དེ་འདྲ་བྱེད་ནི་ཚོད་མ་ཐིགས་པའི་ལས་ཀ་དང་། ཤིང་ཏོག་འདྲ་པོ་ཡིན་ན་ཡག་པོ་སྨིན་མེད་པའི་རྟགས་མཚན་རེད། དཔལ་འབྱོར་དང་སྟོབས་འབྱོར་ཡོད་བསམ་ནས་ཚང་མའི་ཐོག་ལ་གཅིག་བྱེད་པར་ཡོང་བ་ནི་བསྒྲུབ་ཐུབ་རྒྱུ་ཡོད་མ་རེད་བསམ་གྱི་འདུག གནས་སྟངས་དབང་གིས་རེ་གཉིས་མགོ་འཁོར་པ་དེ་འདྲ་ཡོང་གི་རེད་དེ། རྒྱ་ཆེའི་མང་ཚོགས་ནི་ལྷིང་འཇགས་པོ་ཞེ་དྲགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་ལ་འབྲིང་ངེར་(བརྟན་པོ་)བསྡད་ཡོད་རེད་བསམ་གྱི་འདུག

དེ་འདྲ་སོང་ཙན་གནས་ཚུལ་དེ་རིགས་ཡོང་སྲིད་པ་རེད། འོན་ཀྱང་དེ་ཚོའི་རིགས་འབྲེལ་ཡོད་ལས་ཁུངས་ལ་སྐབས་དུས་སོ་སོར་སྙན་སེང་ཞུ་དགོས་པ་དང་། ས་གནས་ཀྱི་ཁྲིམས་དང་མཐུན་པའི་ཐོག་ནས་འབྲེལ་ཡོད་ལ་སྙན་གསན་ཞུ་དགོས་པ། བོད་མིའི་སྒྲིག་འཛུགས་ལ་ཞུས་པ་ཡིན་ན་ཚན་པ་ག་པར་འབྲེལ་བ་ཆགས་ཀྱི་འདུག དེ་ལ་ཞུས་ན་ལུང་པ་དེའི་འབྲེལ་བ་བྱེད་མཁན་ལ་འབྲེལ་བ་ཞུ་གི་རེད། དེ་བས་ད་ལྟ་ཁྱེད་རང་གིས་གསུངས་པ་ནང་བཞིན་སྤྱི་ཚོགས་དྲྭ་ལམ་ཐོག་ལ་མིང་མེད་པ་དེ་འདྲ་མང་པོ་ཡོང་གི་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་ཚང་མས་སྤྱང་གྲུང་སྦི་གསང་དོད་པོ་དང་། རིག་པ་དྭངས་གསལ་བྱས་ཏེ་ཐེར་འདོན་བྱ་དགོས་པ་ལས་དེ་ཚོར་གཞོགས་འདེགས་འདྲ་པོ་བྱས་ནས་བསྡད་པ་ཡིན་ན། སོ་སོའི་སྐུལ་སློང་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུའི་བསམ་བློ་མེད་ནའང་རྒྱབ་སྐྱོར་རང་བཞིན་གྱིས་ཆགས་འགྲོ་གི་རེད། དེ་ཚོའི་ཐོག་ལ་ལས་ཀ་དེ་དཀའ་ལས་ཁག་པོ་ཞེ་དྲགས་ཡོད་རེད། ཡིན་ནའང་ཆེ་སའི་སྒང་ནས་བསམ་བློ་བཏང་པ་ཡིན་ན་དཀའ་ངལ་ཆེ་བ་རང་ཡོད་མ་རེད། ཚང་མས་སོ་སོའི་རྒྱལ་ཁབ་བཞག་ནས་མིའི་ལུང་པའི་ནང་ལ་སླེབས་ཡོད་དུས། དེའི་ན་ཚ་དེ་ད་ལྟ་ཡིན་ནའང་སོ་སོ་བོད་པ་ཡིན་བསམ་པ་དང་། དེའི་སྤོབས་པ་ལ་བརྟེན་ནས་གུང་ཁྲན་ཏང་གི་ཞབས་ཕྱི་ཞུ་བསམ་པ་ཞིག་ཡོད་རེད་བསམ་གྱི་མི་འདུག

གསར་འགོད་པ།
སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ང་ཚོའི་བཅའ་ཁྲིམས་རིན་པོ་ཆེས་བསྐུར་པའི་ལས་འགན་གཙོ་གྲས་གཅིག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་སྙན་སྲུང་སྐྱོབ་གནང་རྒྱུ་དེ་ཆགས་ཀྱི་ཡོད། མ་འོངས་པར་༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་དང་། ༧སྐུའི་ཡང་སྲིད་ཐོག་ལ་དབུ་འོག་དཔུང་འདེགས་གང་འདྲ་ཞུ་ཐུབ་ཀྱི་རེད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ད་ལྟ་བར་དུ་བོད་ཟེར་པ་དང་། བོད་མི། རྒྱལ་སྤྱིའི་ནང་ལ་བོད་དོན་གནས་པ་དེ་ནི་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་མི་གཅིག་ལག་གཅིག་གིས་སྐུ་ལས་བསྐྱོན་པ་རེད་ཅེས་ལབ་ན་མ་འགྲིག་པ་མེད། ང་ཚོ་ཚང་མས་ཞབས་འདེགས་ཞུས་ནས་དཀའ་ལས་བརྒྱབས་ཏེ་ནུས་པ་མཉམ་སྤུངས་འདྲ་པོ་བྱེད་ཀྱི་ཡོད་ཀྱང་། ༧རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དང་དགོངས་པ་ཧ་ཅང་གི་རླབས་ཆེན་པོ་དང་ཟབ་པོ་ཡིན་པས་ཆ་ནས། བོད་དོན་དེ་ལས་སླ་པོའི་ངང་ཡལ་འགྲོ་རྒྱུའི་གནས་སྟངས་ཤིག་ད་ལྟ་བསྡད་ཡོད་མ་རེད་བསམ་གྱི་འདུག ༧སྐྱབས་མགོན་རིན་པོ་ཆེའི་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མར་ཤོལ་གནང་བ་རེད། ཡིན་ནའང་།༧སྐྱབས་མགོན་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་མར་ཤོལ་གནང་བ་དང་ཆབས་གཅིག་ལ་༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་སྔར་ལྷག་རྒྱས་སོང་ལ། ཐུགས་བྲེལ་དང་མ་སོང་ན་ཞེ་དྲགས་གི་ཆེ་རུ་འགྲོ་གི་འདུག ང་འདིར་དོན་གཅོད་ལ་བསྡད་ནས་ལོ་བཞི་ལྷག་འགྲོ་གི་ཡོད་རེད། སྐུ་སྒེར་ཡིག་ཚང་ལ་ཕྱག་ལས་གནང་མཁན་ཚང་མས་མཁྱེན་གྱི་རེད། ཚོགས་འདུ་དང་བཀའ་སློབ་གནང་བར་ཕེབས་རོགས་ཞུ་མཁན་ཧ་ཅང་མང་པོ་རེད། དེ་དག་བརྒྱ་ཆར་བརྩིས་ན་བརྒྱ་ཆ་མང་ཆེ་བར་ཞལ་བཞེས་གནང་མི་ཐུབ་པའི་གནས་སྟངས་ཆགས་ཡོད་རེད། དེ་འདྲའི་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་དུས་དེ་གལ་ཆེན་པོར་བརྩིས་ནས་ང་ཚོའི་ངོས་ནས་ཤུགས་བརྒྱབ་དགོས་པ་ཞིག་རེད།

སྤྱི་ཚོགས་ནང་ལ་༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུ་མཁན་ཡོང་བ་དེ་རིགས་ནི་ངའི་བསམ་པར་སོ་སོ་བྱབ་ཆུང་རེད། ངས་སྔོན་མ་གྲོས་ཚོགས་ནང་ལ་ཐེངས་གཅིག་ཞུས་མྱོང་། རི་རྒྱལ་ལྷུན་པོར་སྦྲང་མས་ཤོག་ལྕག་ཐེབས་ཡག་ཡོད་མ་རེད། བློ་གཡེང་བྱེད་དགོས་པ་ཡོད་མ་རེད་ཅེས་ཞུས་པ་ཡིན། ད་ལྟ་ཡིན་ནའང་དེ་ག་རང་བསམ་གྱི་ཡོད། ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུས་ནས་ཁོང་༧སྐུ་སྒེར་ལ་ཁྱད་པར་གང་ཡང་ཡོང་གི་མེད་ནའང་ང་ཚོ་༧སྐྱབས་མགོན་རིན་པོ་ཆེར་དགའ་ཞེན་ཅན་དང་། དད་གུས་ཡོད་མཁན་ཚོའི་བསམ་བློའི་ནང་ལ་རྨ་ཁ་བཟོ་རྒྱུ་དང་། མི་སྐྱིད་པ་བཟོོ་རྒྱུའི་ཐོབ་ཐང་མི་གཞན་ལ་མེད་པ་ཡིན་དུས། གདོང་ལེན་བྱེད་དགོས་པ་དང་། གསལ་བཀྲོལ་བྱེད་དགོས་པ། རྒྱུ་མཚན་ལྡན་པའི་ཐོག་ནས་བརྡར་ཤ་བཅད་དེ་ངོ་སྤྲོད་བྱེད་དགོས་པ་རེད་མ་གཏོགས་ཁ་རྡུང་འདྲ་པོ་བཏང་ནས་ཕན་ཐོགས་ཡོད་མ་རེད། དེ་མིན་ཐབས་ལམ་གཞན་བཙལ་ནའང་དགོས་པ་གང་ཡང་ཡོད་མ་རེད་བསམ་གྱི་ཡོད།

མ་འོངས་པའི་ཡང་སྲིད་སྐོར་ལ་གཅིག་གསུངས་སོང་། ཡང་སྲིད་སྐོར་ལ་ངས་དེ་སྔ་ནས་ལངས་ཕྱོགས་གསལ་པོ་ཞེ་དྲགས་ལབ་ཀྱི་ཡོད། མ་འོངས་པའི་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དེ་ནི་གཞི་རྩའི་ཆ་ནས་ང་ཚོ་ནང་པ་སངས་རྒྱས་པ་ཚོ་ཨ་ཅང་བརྗོད་མེད་རེད། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ང་ཚོ་བོད་པ་གཅིག་པུ་ཙམ་མིན་པར་རྒྱ་གར་གྱི་རི་རྒྱུད་མི་སྣ་དང་། སོག་པོ། ལྷོ་ཤར་ཨེ་ཤི་ཡ། ད་ཆ་འཛམ་བུ་གླིང་གི་ནང་ལ་༧རྒྱལ་བ་རིན་པོ་ཆེའི་གྲོགས་པོ་ཟེར་ནའང་འདྲ། སློབ་མ་ཟེར་ནའང་འདྲ། དད་གུས་ཞུ་མཁན་མང་པོ་ཡོད་དུས། གང་ལྟར་མ་འོངས་པར་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་དགོས་པ་དེ་ང་ཚོ་ཚང་མས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་ཐོག་ལ་༧སྐྱབས་མགོན་རིན་པོ་ཆེ་རང་གིས་ཐུགས་ཐག་བཅད་གནང་རྒྱུ་རེད། ལྷག་པར་དུ་ ༢༠༡༡ ལོར་ཡིག་ཆ་རང་གི་ཐོག་ལ་གསལ་པོ་བཟོས་གནང་ཡོད་རེད། དེ་དགའ་ལྡན་ཕོ་བྲང་ནས་གནང་དགོས་པ་གསལ་པོ་ཡོད་དུས། དེ་ག་རང་གི་ཐོག་ལ་བཞག་ཐུབ་པ་ཞིག་དང་། དེ་ག་རང་གི་ཐོག་ནས་གནང་རྒྱུར་ང་ཚོར་ཐེ་ཚོམ་གང་ཡང་ཡོད་མ་རེད་བསམ་གྱི་འདུག དེ་མ་ཡིན་པའི་སྒྲིག་འཛུགས་ཤིག་གིས་དེའི་ཐོག་ལ་ཞབས་འདེགས་ཞུ་རྒྱུ་དང་། ནུས་པ་ཡོད་མདོག་མདོག་བྱེད་པ་ཡིན་ན། དེ་ནི་ཡོང་རྒྱུ་མེད་པའི་སྐད་ཆ་རེད་དྲན་གྱི་འདུག ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་སྐོར་དེ་སུ་དང་སུ་ཡིན་ནའང་ཆབ་སྲིད་ཐོག་ལ་མ་འཁྲིད་རྒྱུ་དེ་གནད་འགག་ཆེན་པོ་རེད་བསམ་པ་ང་རང་གི་བསམ་བློ་གཏོང་སྟངས་དེ་འདྲ་ཡིན། གལ་སྲིད་དགའ་ལྡན་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་ལ་གནད་དོན་བྱེ་བྲག་པའི་ཐོག་ལ་ཞབས་འདེགས་ཞུ་དགོས་པའི་བཀའ་གནང་བ་ཡིན་ན། དེ་ནི་ཨ་ཅང་བརྗོད་མེད་རེད། ང་ཙམ་མིན་པར་སྐབས་དེ་དུས་སུ་སླེབས་ནའང་དགའ་པོའི་ངང་ནས་ཐེ་ཚོམ་མེད་པར་ཞབས་འདེགས་ཞུ་གི་རེད་བསམ་གྱི་འདུག

གསར་འགོད་པ།
དེ་ནས་ངས་བཀའ་འདྲི་ཞུ་རྒྱུར། དེ་སྔ་ ༢༠༡༦ ལོར་འབྲོང་ཆུང་དངོས་གྲུབ་ལགས་བཀའ་བློན་ནས་དགོངས་ཞུ་གནང་བ་རེད། སྐབས་དེ་དུས་བཀའ་བློན་རེད།མ་འོངས་པར་དངོས་གཞིའི་འོས་གཞིའི་ཁོངས་སུ་ཐོན་ནས་སྲིད་སྐྱོང་གི་ཞབས་སྟེགས་ཐོག་ལ་ཕེབས་པ་ཡིན་ན་སྲིད་སྐྱོང་ཆགས་ཀྱི་ཡོད་སྟབས་ལས་གནས་ཀྱི་ཆ་ནས་གང་ལ་གང་ཙམ་ལྗིད་པོ་རེད། སོང་ཙང། གལ་སྲིད་སྲིད་སྐྱོང་ལ་འཁོད་པ་ཡིན་ན་དེ་སྔའི་གནས་སྟངས་ནང་བཞིན་བྱུང་མི་སྲིད་པ་མ་རེད། གནས་སྟངས་དེ་འདྲ་བྱུང་བའི་སྐབས་ལ་གདོང་ལེན་གང་འདྲ་བྱས་ནས་གནང་རྩིས་ཡོད་དམ།

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ད་ལན་སྲིད་སྐྱོང་འོས་གཞིའི་ནང་ལ་ལངས་མཁན་འོས་གཞི་ཚང་མ་དཔེ་ཡག་པོ་འདུག་དྲན་གྱི་འདུག ཉམས་མྱོང་ཡང་ཡོད་པ། ཤེས་ཡོན་ཡང་ཡག་པོ་ཡོད་པ།ཚང་མ་ཡག་པོ་འདུག ཡག་པོ་ཡག་པོའི་ནང་ལ་འགྲན་བསྡུར་བྱེད་སྐབས་དཀའ་ངལ་ཞིག་ཡོད་རེད། དེ་འགྲན་བསྡུར་འདྲ་པོ་ཆགས་པ་རེད་པ། སུ་འོས་ཤོས་ཡིན་པ་དེ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་ཐག་གཅོད་གནང་གི་རེད། ངས་ཁོང་ཡག་པོ་འདུག་ཅེས་བརྗོད་ནས་ཕན་རྒྱུ་གང་ཡང་ཡོད་མ་རེད།

གསར་འགོད་པ།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ང་ཚོར་སྤྱི་ཡོངས་ནས་བཅའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། །