༄༅།།  ཉེར་གཅིག་སྲིད་སྐྱོང་གི་འོས་མི་རྩེ་ཕུད་དེ་སུ་རེད་དམ་ཞེས་པའི་ཚིག་བཅད་རྩོམ་ཡིག་འདི་ཕ་རན་སིར་གནས་བཞུགས་རྩོམ་པ་པོ་ཨ་མའི་བུ་ན་ཟླུམ་བསྟན་ཚེ་རིང་ལགས་ནས་ ༢༠༢༠ ཟླ་བ་ ༡༠ ཚེེས་ ༡༦ ཉིན་ཁོང་གི་ངོ་དེབ་ཐོག་སྤེལ་འདུག  

རྒྱལ་གཅེས་དཔའ་རྒོད་ཆབ་སྲིད་བཙོན་ཟུར་སྟོང་ཕྲག་མང་པོའི་འབོད་སྒྲ་བཞིན།།
རིག་པར་གདུང་བའི་ཤེས་ལྡན་མཁས་པ་བརྒྱ་ཕྲག་མང་པོའི་མངོན་འདོད་ལྟར།།
ལྕགས་སྒྲོག་བཅིངས་བའི་གཞིས་ཞུགས་བོད་མི་ཁྲི་ཚོ་དུ་མའི་རེ་སྒུག་བཞིན།།
སྐྱབས་འབྱོར་བོད་མིས་ཕྱོཌ་ཞེན་བསྐྱུར་ཏེ་གཞན་དབང་སྟབས་བསྟུན་ཡིད་ལ་སྒོམས།།
སྒྱིད་ལུག་ས་ནས་ཡར་ལ་ལངས་ཏེ་མ་འོངས་གངས་ཅན་འཚོ་འདོད་ན། །
མང་པོས་འཐད་པའི་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་གལ། །

གཞུང་ལུགས་ཉམས་ལེན་ངོམས་སུ་ཆོག་ཅིང་གནའ་དེང་ཟུང་སྦྲེལ་འབྲོང་གིས་མཁྱེན།།
ཤེས་རབ་ཉམས་མྱོང་ཡང་རྩེེར་སོན་པའི་ཕྱི་ནང་གནས་བབས་འབྲོང་གིས་རྟོགས།།
བོད་ས་ཕྱི་ནང་གང་གི་ཕྱོགས་ནས་བོད་འབངས་ཡིད་ཆེས་འབྲོང་ལ་གཏད།།
མཐོ་བར་གུས་ཤིང་དམའ་བར་བྱམས་བའི་བྱང་སེམས་གཤིས་ཀ་འབྲོང་ལ་མངོན། །
རྣམ་རྟོག་དོང་ནས་ཡར་ལ་བཏོན་ཏེ་རྒྱལ་བའི་དགོངས་བཞེས་སྒྲུབ་འདོད་ན།།
མང་པོས་མོས་པའི་ཉེར་གཅིག་སྲིད་སྐྱོང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག །

ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རིགས་བཟང་བོད་འབངས་ཚུར་ལ་གསན། །
ཆོས་ལ་དད་ཅིང་དགེ་སེམས་ཆེ་བའི་བློ་མཐུན་བོད་རིགས་དབྱེན་དཀྲུག་སྤོངས།།
སྲིད་ལ་དུངས་ཤིང་རྒྱལ་ཞེན་ཟབ་པའི་ཆོལ་གསུམ་བོད་མི་ནང་འཁྲུག་དོར ། །
རིགས་ལ་སྨན་ཞིང་ཀུན་ལ་ཕན་ཆེད་མི་རིགས་སྟོབས་ཤུགས་གཅིག་ཏུ་སྒྲིལ། །
བརྡབས་པའི་ས་ནས་ཡར་ལ་ལངས་ཏེ་དཔུང་པ་མཉམ་གཤིབས་འགྲོ་འདོད་ན། །
མང་གིས་བདམ་པའི་ཉེར་གཅིག་སྲིད་སྐྱོང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་འོས།།

བདེན་ལ་འཇུག་ཅིང་གཞུང་དྲང་ཆེ་བའི་རིགས་མཐུན་གདོང་དམར་བདག་ལ་གསན།
གཞན་ལ་གཅེས་ཤིང་སེམས་བསྐྱེད་ཆེན་པོའི་ཐེག་ཆེན་ནང་པ་ཚུལ་བཞིན་ཟུངས།།
རང་གི་གདོང་རིས་རྒྱབ་ཏུ་སྦས་ཏེ་སྤྱི་ཚོགས་དྲྭ་རྒྱར་དྲྭ་དམག་སྤོངས།།
རིགས་ཀྱི་ནང་དུ་ཕྱོགས་རིས་མ་བྱེད་སྤུན་གྲོགས་འདུ་ཤེས་གཅིག་ཏུ་འཛིན།།
རྒུད་པའི་ས་ནས་ཡར་ལ་ལངས་ཏེ་མི་རིགས་བདེན་དོན་སྒྲུབ་འདོད་ན།།
མང་གིས་བཀུར་བའི་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག །

དགུན་གྱི་རང་བཞིན་གཟེར་བའི་གྲང་ངར་བཟོད་པ་དཀའ་བའི་ན་ཟུག་སྟེ། །
དཔྱིད་ཀྱི་ཉི་འོད་ཤར་བའི་རྗེས་སུ་ས་གཞི་ཡོངས་ལ་དྲོ་སྐྱིད་སྟེར། །
སྟོན་ཀའི་དུས་སུ་གཉིད་ལས་སད་དེ་འདས་པའི་ལོ་རྒྱུས་ཡིད་ལ་དྲན། །
དབྱར་གྱི་ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་མི་ཡུལ་ཀུན་ལ་མེ་ཏོག་བཞད། །
འགྱེལ་པའི་ས་ནས་ཡར་ལ་ལངས་ཤིང་མ་འོངས་བོད་འབངས་གསོན་འདོད་ན། །
མང་གིས་བཏེགས་པའི་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་འཚམས། །

འབྲོང་རིགས་རང་བཞིན་གཉེན་ལ་དུངས་ཤིང་དགྲ་བོའི་ཕྱོགས་ལ་འཐབ་རྩོད་བྱེད།།
གསེར་སྦྲང་གཡུ་སྦྲང་ལྷན་དུ་འཛོམས་ཏེ་སྦྲང་རྩི་ཆེན་པོ་རིམ་པས་བསགས། །
གྲོག་མ་མིག་མེད་མཉམ་དུ་སྒྲིལ་ཏེ་ས་རྡོག་ཁང་ཆེན་རིམ་བཞིན་བརྩེགས།།
མ་ཧེ་སྤྲུ་མེད་མཉམ་དུ་རུབ་ཏེ་གཏུམ་དྲག་སྟག་གཟིག་རྭ་རྩེར་གཡོགས།།
ཕམ་ཁའི་ཁྲོད་ནས་ཡར་ལ་ལངས་ཏེ་གངས་ལྗོངས་སླར་བསྐྲུན་བྱེད་འདོད་ན།།
མང་གིས་བརྩི་བའི་ཉེར་གཅིག་སྲིད་སྐྱོང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལེགས།།

བཙན་གྱིས་འཛུལ་བའི་དམར་ཤོག་རྒྱ་འདྲེའི་བསླུ་བྲིད་དག་ལ་མགོ་མི་སྒུར། །
རང་སྲོག་ཤོར་བའི་མཐའ་རུ་སླེབས་ཀྱང་སྤུན་ཟླའི་ལ་རྒྱ་གཙུག་ཏུ་བཞེད། །
བརྒྱུད་པ་གཅིག་ནས་མཆེད་པའི་བོད་འབངས་མཐུན་པའི་ལག་ཟུང་གཅིག་ཏུ་སྒྲིལ།།
ཆོལ་གསུམ་སྤུན་ཟླ་ཆིག་སྒྲིལ་མེད་ན་རང་བཙན་རག་ཀྱང་དགེ་མཚན་མེད།།
ལྷུང་བའི་གནས་ནས་ཡར་ལ་ལངས་ཏེ་དཔའ་བོའི་ཁ་ཆེམས་སྒྲུབ་འདོད་ན།།
མང་གིས་གུས་པའི་ཉེར་གཅིག་སྲིད་སྐྱོང་སྐུ་ཞབས་འབྲོང་ཆུང་དངོས་གྲུབ་མཛེས།།

ཆབ་དཔལ་རིག་གསུམ་སྲུང་སྐྱོབ་དོན་དུ་འཛིན་སྐྱོང་དབུ་ཁྲིད་ཚད་ལྡན་དགོས། །
བོད་མིའི་སྒྲིག་འཛུཌ་སྲ་བརྟན་ཡོང་ཆེད་རྒྱལ་ཁྲིམས་གཉའ་ཤིང་གནོན་མཁས་མཁོ།།
ཆོལ་གསུམ་བོད་རིགས་ཆ་སྙོམས་ངང་ནས་གཟིགས་སྐྱོང་མཁས་པའི་སྲིད་སྐྱོང་གལ།།
གཞན་སེམས་མ་དཀྲུག་རང་ཚུགས་མ་ཤོར་མཛའ་གཅུགས་ཟབ་པའི་རྩམ་གཟན་པ།།
རྨོངས་གཉིད་གསེང་ནས་ཡར་ལ་ལངས་ཏེ་གསོན་པའི་རེ་འདུན་སྒྲུབ་བསམ་ན། །
མང་གིས་བསྐུལ་བའི་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་བཟང་། །

ཁ་སྙན་ཚིག་སྙན་གཏམ་འཆོལ་རིགས་ལ་དེང་རབས་བོད་མི་མགོ་མ་འཐོམ། །
གོ་ས་དབང་ཆའི་རྐུབ་སྟེགས་སླད་དུ་ཐབས་ཇུས་ཡོད་ཚད་སྟོན་མཁན་མང་། །
ལས་འབྲས་བསླུ་མེད་དཔང་དུ་བཙུགས་ཏེ་སྤྱིར་དོན་སྒྲུབ་མཁན་འབྲོང་ཆུང་ལགས།།
མི་དམངས་ཀུན་གྱིས་ཞིབ་འཇུག་བྱས་ཏེ་མང་གཙོའི་འོས་འགན་སྲོག་ལྟར་གཟུང་།།
བྱིང་རྒོད་གཏིང་ནས་ཡར་ལ་ལངས་ཏེ་ཆོལ་གསུམ་འཆམས་མཐུན་གནས་དགོས་ན། །
མང་པོས་མགུ་བའི་ཉེར་གཅིག་སྲིད་སྐྱོང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་སྐོས། །

སྙན་གྲགས་འཕྱོར་བའི་ཆུ་ཆེན་བཞི་པོ་ས་ཕྱོགས་གང་ནས་འབབ་ན་ཡང་།།
གངས་རི་གཅིག་ནས་བཞུར་བའི་ཆུ་བཞིན་ཆུ་ལ་ཁྱད་པར་མ་འབྱེད་ཨང་།།
ལོ་རྒྱུས་རིང་བའི་ཆོལ་གསུམ་བོད་མི་ས་ཕྱོགས་གང་དུ་གནས་ན་ཡང་།།
ཕ་མེས་ཡང་མེས་གཅིག་གི་བརྒྱུད་བཞིན་རིགས་ལ་འཁྲུག་རྩོད་མ་ལོངས་ཤིག །
གཱངྒའི་ཆུ་ལ་ཉོན་མོངས་བཀྲུས་ཏེ་མི་རིགས་མདུན་ལམ་འཚོལ་འདོད་ན།།
མང་པོས་བསམ་པའི་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་ཨེ་མ་མཚར། །

ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༡༥ ཉིན་ རྩོམ་པ་པོ་ཨ་མའི་བུ་ན་ཟླུམ་བསྟན་ཚེ་རིང་གིས།
ཕ་རན་སིའི་རྒྱས་ལ་པཱས་རི་སི་ Bibliotheque དཔེ་མཛོད་དུ་ཤར་མར་བྲིས་པར་དགེའོ།།