༄། གུས་པ་བསྟན་དར་གྱི་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན། ངའི་ཕ་ཏྲེ་ཧོར་དང་མ་ལྷ་ས་བ་ཡིན། ཁོང་ལ་རྒྱབ་སྐྱོར་ཞུ་དོན་འགྲེལ་བཤད་ཐུང་ཙམ་ཞུ་ན།

རྒྱུ་མཚན་དང་པོ་ནི། སྲིད་སྐྱོང་བོད་མིའི་འགོ་འཁྲིད་ཡིན་པར་བརྟེན། འོས་མི་དེར་མ་མཐའ་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག རྒྱལ་རབས་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་བཅས་ཀྱི་སྐོར་གཞན་ལ་བསྟེན་མི་དགོས་པའི་གཞི་རྩ་གང་ལེགས་ཡོད་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དབུ་ཚོད་པོ་དགོས་པ་བཅས་ཀྱི་ཆ་རྐྱེན་ཁོང་ལ་ཚང་ཡོད།

རྒྱུ་མཚན་གཉིས་པ་ནི། བོད་དོན་དཀའ་རྙོག་ཐུག་ས་རྒྱ་མི་དམར་པོ་རེད། དུས་ད་ལྟ་བར་བོད་དང་རྒྱ་ནག་ལ་སྔ་རྗེས་སྐུ་ཚབ་ཐེངས་མང་ཕེབས་ཐུབ་པ་དེ་ཚོ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་ངོ་བོ་ཁོ་ནའི་ཐོག་ནས་ཕེབས་པ་ལས། བོད་གཞུང་གི་སྐུ་ཚབ་རྒྱ་མིས་སྔ་ཕྱི་བར་གསུམ་དུ་ངོས་ལེན་བྱས་པ་བྱུང་མེད། དེ འདྲ་ཡིན་ཙང་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་གཞི་བཟུང་བོད་རྒྱའི་དབར་དཀའ་རྙོག་སེལ་དགོས་ན། ༧རྒྱལ་བའི་དབུ་འཁྲིད་འོག་ཞབས་ཕྱི་རྒྱུན་རིང་ཞུ་མྱོང་མཁན་གྱི་མི་དེ་ལ་༧རྒྱལ་བའི་དགོངས་པ་ཇི་བཞིན་རྒྱུས་མངའ་ཆེ་བ་ཡོད་པ་ལྟར་ཆ་རྐྱེན་དེ་ཁོང་ལ་ཚང་ཡོད།

རྒྱུ་མཚན་གསུམ་པ་ནི། ང་ཚོས་རྒྱུན་དུ་བོད་ཀྱི་བདག་པོ་ངོ་མ་གཞི་ལུས་རྒྱ་ཆེའི་མི་མང་ཡིན་ཞེས་བཤད་པ་ལྟར། སྐུ་ངོ་དངོས་གྲུབ་ལགས་ནས་བདེ་སྲུང་ལས་ཁུངས་ནང་ལོ་ ༤༠ སྐོར་ཞབས་ཕྱི་ཞུས་མྱོང་ཡོད་པར་བརྟེན། བོད་ནང་གི་མི་སྣར་འབྲེལ་བ་ཡོད་པ་དང་། གཞིས་ལུས་མི་མང་གི་འདོད་དོན་དང་། བོད་ནང་གི་དངོས་ཡོད་གནས་སྟངས་བཅས་གསལ་པོ་མཁྱེན་རྟོགས་ཡོད་པར་བརྟེན། བོད་སྤྱི་དོན་སྒྲུབ་པའི་ཆ་རྐྱེན་གལ་ཆེ་ཞིག་ཁོང་ལ་ཚང་ཡོད།

རྒྱུ་མཚན་བཞི་པ་ནི། ཁོང་བདེ་སྲུང་ལས་ཁུངས་ནང་ལོ་མང་ཞབས་ཕྱི་ཞུ་མྱོང་ཡོད་པར་བརྟེན། ༧རྒྱལ་བའི་སྐུ་ཕྱྭའི་ཞབས་ཕྱི་ཞུ་ཕྱོགས་ཐོག་རྒྱུས་མངའ་ཆེ་བའི་ཐོག་བོད་གཞུང་གི་མིག་དང་རྣ་བ་བྱས་ཏེ་ཐུགས་འགན་བཞེས་ཡོད་པར་བརྟེན། བོད་ཕྱི་ནང་གཉིས་ཀར་རང་ཕྱོགས་ནས་དོ་སྣང་དང་དྭོགས་གཞི་དགོས་ས་མི་སྣ་དཀར་ནག་ཁྲ་གསུམ་ཡོད་པ་སུ་དང་སུ་ཡིན་ཐུགས་རྒྱུས་གཞན་ལས་ཆེ་བ་ཡོད།

རྒྱུ་མཚན་ལྔ་པ་ནི། བོད་ཆོལ་ཁ་གསུམ་མགོ་དང་མཇིང་པ་ལྟར་ཡ་མ་བྲལ་བ་ཚང་མ་འཆམ་མཐུན་དགོས་རྒྱུ་འདི་ང་ཚོའི་སྲོག་གི་སྙིང་པོ་ལྟ་བུ་ཡིན། བར་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཕྱོགས་རིས་འཐེན་འཁྱེར་དང་། དཔུང་བསྒྲིལ་བྱས་ཏེ་ནང་ཁུལ་རྒྱུན་ཆད་མེད་པའི་བཤད་རེས་བྱས་པ་དེས། བོད་མི་ནང་ཁུལ་གྱི་མཐུན་བསྒྲིལ་ལ་སེར་ཀ་གས་པ་ལྟར་དགྲ་དགའ་གཉེན་སྡུག་གི་ཐབས་སྐྱོའི་གནས་ཚུལ་བྱུང་བ་དེའི་རྨ་ཁ་གསོ་དགོས་ན། སྲིད་སྐྱོང་གི་འོས་མི་དེ་ཆོལ་ཁ་ལུང་ཚན་གྱི་དྲི་ངན་ཕར་ཕྱོགས་ཚུར་ཕྱོགས་སྐྱུག་བྲོའི་རྫབ་དོང་ནང་མ་ཚུད་པ་དྲང་ཚུགས་བརྟན་པོ་བཟུང་མཁན་སྤྱི་མི་ཞིག་བྱུང་ན། སྤྱི་ཚོགས་ལྷིང་འཇགས་དང་ཆོལ་གསུམ་བོད་རིགས་ཚང་མ་དོན་གྱི་སྤུན་ཟླའི་ངོ་བོར་སྐྲུན་ཐུབ་པ་ཡོང་རྒྱུ་ཡིན་པ་ལྟར་དེ་འདྲའི་དགོས་ངེས་ཀྱི་ཆ་རྐྱེན་དང་ནུས་པ་ཁོང་ལ་ཚང་བའི་ཐོག་དོལ་རྒྱལ་ཚོགས་པ་ཕུད་དེ་མིན་གྱི་བོད་མི་གནད་ཡོད་ཚང་མར་འབྲེལ་བ་དང་ངོ་ཤེས་དགོས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་དེ་ཁོང་ལ་ཚང་ཡོད།

རྒྱུ་མཚན་དྲུག་པ་ནི། ཁོང་དང་ལོ་སུམ་བཅུ་བཞི་བཅུ་རིང་མཉམ་གཤིབས་བྱས་པའི་ལས་བྱེད་ཟུར་པ་མང་པོས་ཁོང་ལ་སྲིད་སྐྱོང་འོས་གཞིར་ལངས་རོགས་ཞེས་རེ་བསྐུལ་བྱས་པ་དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོ་རེད། གང་ཡིན་ཟེར་ན། ཁོང་དང་ལོ་མང་མཉམ་གཤིབས་བྱས་པའི་བྱས་རྗེས་ཡོད་པའི་མི་སྣ་དེ་ཚོས་ཁོང་གི་བཟང་པོའི་ཡོན་ཏན་དང་རྒྱུན་དུ་སྤྱི་དོན་ཐོག་དགོངས་པ་བཞེས་སྟངས། གཞུང་དང་མི་མང་གི་འགོ་འཁྲིད་ཐུབ་པའི་ཆ་རྐྱེན་ཚང་བ་ཞིག་ལ་ངོས་འཛིན་གྱིས་རེ་འདུན་ཞུས་པ་དེ་གཟི་བརྗིད་མི་འདྲ་བ་ཞིག་མཐོང་བྱུང་།

རྒྱུ་མཚན་བདུན་པ་ནི། བོད་མིའི་སྤྱི་ཚོགས་ནང་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་དང་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རེད། ཁོང་དང་བཀའ་ཟུར་འཇུ་ཆེན་རྣམ་གཉིས་རྡ་སར་གསར་འགོད་པས་ཐེངས་གཅིག་རང་བཅར་འདྲི་ཞུ་སྐབས་མཉམ་ཞུགས་བྱས་པ་དེ་གཅིག་པུ་ཙམ་ལས། དེ་མིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་བཅས་པ་ས་གནས་གཅིག་ལ་ཡང་འོས་གཞིར་ལངས་དགོས་པའི་སྐོར་འབོད་བསྐུལ་གསལ་བསྒྲགས་གནང་བར་ཕེབས་པ་བྱུང་མེད་སྟབས། དངུལ་གྲོན་སྒོར་རྡོག་གཅིག་སྐྱང་བཏང་དགོས་བྱུང་མེད། མཐའ་མ་འོས་ཐོབ་པའི་རྗེས་ཉམས་མྱོང་གཞི་གདན་དུ་བྱས་ཏེ། ལས་འགན་ཕྲག་པར་འཁུར་ནས། དངོས་ཡོད་གནས་སྟངས་དང་མཚམས་པའི་སྤྱི་དོན་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་ང་ཚོ་ཚང་མས་མཁྱེན་གསལ་རེད། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་དབར་མིང་གནས་མི་འདྲ་བ་ཡོད་པ་ཙམ་ལས་ལས་འགན་ལ་ཁྱད་པར་གང་ཡང་མེད།

ང་ཚོ་བཙན་བྱོལ་བའི་མི་འབོར་འབུམ་གཅིག་དང་ཕྱེད་ཙམ་ཡོད་པ་ནས། འདས་པའི་མི་ལོ་ཉི་ཤུ་རིང་ལ་དངོས་སུ་འོས་འཕེན་ནང་ཞུགས་མཁན་མི་འབོར་ཁྲི་ལྔ་ཡས་མས་ལས་བྱུང་མི་འདུག གནམ་གྲུ། ཟ་ཁང་དང་། འགྲུལ་ཁང་། ཡིག་ཆ་སྦྱར་འགྲེམས་ལ་སོགས་པར་འགྲོ་སོང་རོབ་རྩིས་ཧིན་སྒོར་འབུམ་ ༣༠ སྐོར་བཏང་དགོས་བྱུང་འདུག་པ་དེ་འོས་མི་རང་ཉིད་ཀྱི་སྦ་ཁུག་ནས་བཏང་ཡོད་མེད་སྐོར་སྐད་ཆ་མང་པོ་དང་རིང་པོ་རེད། གལ་ཏེ་འོས་མི་རང་ཉིད་ནས་དེ་ལྟར་འགྲོ་སོང་བཏང་ཐུབ་ཀྱི་མེད་ན། གཞན་ནས་ལག་པ་མི་བཟེད་ཀ་མེད་རེད། ལག་པ་བཟེད་ཕྱིན་མཐུན་འགྱུར་བྱེད་མཁན་སྦྱིན་བདག་དེའི་ངོ་སྲུང་བའི་ཕྱིར། སྡུག་ས་ནས་སྦྱིན་བདག་གི་བེད་སྤྱོད་འོག་མི་འགྲོ་བའི་ངེས་པ་གཏན་ནས་མེད། དེ་འདྲ་ཡིན་ཙང་སྐུ་ངོ་དངོས་གྲུབ་ལགས་ནས་ས་ཕྱོགས་གང་སར་དྲིལ་བསྒྲགས་སུ་ཕེབས་རྩིས་མེད་གསུངས་པ་དེ་ལ་ལྷག་པར་དུ་དགའ་པོ་བྱུང་སོང་བས་བསྔགས་བརྗོད་ཞུ་གི་ཡོད།

རྒྱ་གར་དང་ཨ་རི་ལྟ་བུ་མི་འབོར་ས་ཡ་མང་པོ་ཡོད་པའི་སྤྱི་ཚོགས་ནང་ཕྱི་ནས་དངུལ་གྲོན་བཏང་ནས་གཡོ་འགུལ་ཐེབས་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་ནང་མང་རུང་ཉུང་རུང་མི་འབོར་འབུམ་གཅིག་ལྷག་ཙམ་རེད། གལ་ཏེ་མ་འོངས་པར་རྒྱ་ཕྱོགས་ནས་དངུལ་གྲོན་ཕངས་མེད་འགྲོ་སོང་བཏང་སྟེ་ཁོ་རང་ཚོའི་འདོད་པར་ཡོད་པའི་སྐབས་འཚོལ་བ་ཆབ་སྲིད་ཁྲམ་པ་དེ་འདྲ་འོས་གཞིར་བླངས་པ་ཡིན་ན་བོད་མའི་་ཆབ་སྲིད་ཀྱི་ཁ་ལོ་ཁོ་རང་ཚོའི་འདོད་པ་གཞི་བཟུང་བསྒྱུར་བའི་ཉེན་ཁ་ཆེན་པོ་ཡོད། དེ་འདྲ་ཡིན་ཙང་ང་ཚོས་རང་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཀྱི་ལད་ཟློས་མ་བྱས་པར། རང་ཡུལ་བྲལ་བའི་བཙན་བྱོལ་བའི་གནས་སྟངས་ངོ་མ་ངོས་ཟིན་པའི་ཐོག་ནས་ང་རང་ཚོར་རན་ཚོད་འཚམས་པོ་ཞིག་གི་ཐོག་འགྲོ་ཐུབ་ན་འཕྲལ་ལ་་སྐྱིད་པ་དང་། ཕུགས་ལ་བརྟན་པ་ཡོང་གི་རེད། ལག་ལེན་འཁེལ་ཐབས་དཀའ་བའི་གཏམ་བཤད་འདྲ་ཆགས་པོ་དང་སྙན་པོའི་འོག་དབུ་འཁོར་ན། མཐའ་མ་རང་མེད་གཞན་མེད་སྤྱི་ཚོགས་ལ་གྱོང་ཆེན་པོ་ཕོག་ཉེན་ཡོད། དེ་འདྲ་ཡིན་ཙང་སྐུ་ངོ་དངོས་གྲུབ་ལགས་ནས་སྔོན་འགོག་ཆེད་ས་ཕྱོགས་གང་སར་འོས་སློང་བའི་གསལ་བསྒྲགས་ལ་ཕེབས་རྩིས་མེད་གསུངས་པ་དེ་ལ་དམིགས་བསལ་གྱི་རྒྱབ་སྐྱོར་ཞུ་གི་ཡོད། གུས་བསྟན་དར་གྱིས་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༡༤ གཟའ་སྐར་དགེ་བའི་ཉིན་བྲིས་པ་དགེའོ།